བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༢ ཕྱི་ལོ་ ༢༠༢༠/༡༢/༡༦
ཕྱི་ཟླ་༡༢ ཚེས་༡༤ ཉིན་ཨ་རིའི་དབུས་འོས་བསྡུའི་ལས་ཁང་ནས་སྲིད་འཛིན་གྱི་རྒྱལ་ཁ་ཇཱོ་བྷེ་ཌན་ལ་ཐོབ་པའི་གསལ་བསྒྲགས་སྤེལ་སོང་། འོས་བསྡུའི་ལས་རིམ་དང་འོས་ཤོག་གྲངས་བཤེར་སོགས་ཀྱི་ནང་རྩོད་གླེང་ག་རེ་བྱུང་ཡོད་མེད་ལ་མ་ལྟོས་པར་དོན་དངོས་སུ་ཨ་རིའི་སྲིད་འཛིན་སུ་ལ་ཐོབ་མིན་གྱི་མཐར་ཐུག་གི་ཐག་གཅོད་ཉག་གཅིག་ཏུ་གྱུར་ཡོད། ལོ་འདིར་ཨ་རིའི་འོས་བསྡུའི་སྐོར་ལ་རྩོད་གླེང་མང་པོ་བྱུང་ཡོད་པ་དང་། སྔོན་དང་མི་འདྲ་བར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡོངས་ཁྱབ་ཆེན་པོ་བྱུང་བས་ཨ་རིའི་མང་གཙོའི་ལམ་སྲོལ་ལ་ཡིད་གཉིས་དང་ཐེ་ཚོམ་སྐྱེ་མཁན་ཡང་བྱུང་ཡོད་ཚོད་རེད། ལྷག་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཌོ་ནལ་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་ཀྱང་། ཊོམ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་བསྒྱུར་འགོད་དང་འབྲེལ་ཁྱབ་བསྒྲགས་བྱས་སོང་བ་དང་། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དང་འབྲེལ་ནས་ངོ་དེབ་སོགས་སུ་བོད་པ་ཁག་ཅིག་གིས་ནང་ཁུལ་དུ་ཚོར་བ་ཆེན་པོའི་ཐོག་ནས་རྩོད་གླེང་བྱས་པའང་མཐོང་རྒྱུ་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་མཚོན་ན་བསམ་བློ་དང་ལངས་ཕྱོགས། མི་གཤིས་དང་ཀུན་སྤྱོད་སོགས་ག་འདྲ་ཞིག་ཡིན་མིན་བརྗོད་དཀའ་ཡང་། རྒྱ་དམར་དྲག་པོའི་གཞུང་ལ་ཁ་གཏད་གདོང་ལེན་མང་པོ་ཞིག་བྱས་སོང་བ་ནི་ཡོངས་གྲགས་རེད། ཌོ་ནལ་ཊོམ་ལ་དགའ་མོས་བྱེད་མཁན་གྱི་བོད་པ་ཚོའང་རྒྱུ་མཚན་དེ་ཁོ་ན་ལ་བརྟེན་ནས་ཡིན་པ་ལས། མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པའི་ལྟ་གྲུབ་དང་དམིགས་ཡུལ་སོགས་དང་འབྲེལ་ནས་ཕྱོགས་གཅིག་ལ་རྒྱབ་སྐྱོར་བྱས་པ་ཞིག་མ་རེད། ད་དུང་བོད་པ་ཨ་རིར་གནས་སྡོད་འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་ཚང་མས་མི་གཅིག་ལ་རྒྱབ་སྐྱོར་བྱས་ཀྱང་ཕན་གནོད་ཆེན་པོ་མེད། བོད་པ་གྲངས་འབོར་ཉུང་ངུ་ཞིག་ལས་མེད་པ་དེ་ཡང་ཨ་རིའི་མངའ་སྡེ་མང་པོའི་ནང་ཁ་འཐོར་ནས་བསྡད་ཡོད་པས་དེ་བས་ཀྱང་བོད་པའི་འོས་ཤོག་ལ་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་ཐབས་མེད། འོན་ཀྱང་རང་ཉིད་ལ་དབང་བའི་སྤྱི་འབངས་ཀྱི་ཐོབ་ཐང་བླངས་པ་དང་། མང་གཙོ་དང་རང་དབང་གི་གོ་སྐབས་དེ་གལ་ཆེན་པོར་བརྩི་བར་ཡང་རྒྱུ་མཚན་ཆེན་པོ་ཡོད།
འོན་ཀྱང་ཇཱོ་བྷེ་ཌན་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཀྱང་འདྲ། ཌོ་ནལ་ཊོམ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཀྱང་འདྲ། དོན་དངོས་སུ་ཨ་མེ་རི་ཀའི་གཞུང་འབངས་གཉིས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་ལས། ཨ་མེ་རི་ཀའི་རྒྱལ་ཁབ་དང་སྤྱི་འབངས་ཀྱི་ཁེ་ཕན་བློས་བཏང་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མི་སྲིད་པ་རེད། རྒྱ་དམར་གཞུང་ལ་ཁ་གཏད་གཅོག་སྟངས་ཀྱི་ཐོག་ནས་བཤད་ཀྱང་དོན་དངོས་སུ་ཨ་རིའི་གནས་སྐབས་དང་མཐར་ཐུག་གི་ཁེ་ཕན་ཆེ་ཆུང་ཁོ་ནར་གཞི་བཅོལ་བ་ལས། རྒྱལ་ཁབ་གཞན་ཞིག་དང་མི་རིགས་གཞན་ཞིག་གི་ཁེ་ཕན་ཆེད་ཨ་རིའི་ཁེ་ཕན་བློས་གཏོང་མཁན་གྱི་སྲིད་དོན་པ་ཞིག་ཡོང་མི་སྲིད་པ་རེད། ཨ་མེ་རི་ཀའི་རྒྱལ་ཁབ་འཛིན་སྐྱོང་གི་ཐོག་ནས་ཁོང་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་ངེས་ཀྱང་། བོད་དོན་རྒྱབ་སྐྱོར་གྱི་ཐོག་ནས་ཁོང་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་མ་མཐོང་ཞིང་། མཐར་གཏུག་ན་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་མིན་དང་། གལ་སྲིད་རྒྱབ་སྐྱོར་བྱས་ཀྱང་ག་དུས་བྱེད་དགོས་མིན་སོགས་ཨ་རི་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་འགྲོ་ལྡོག་བྱེད་ངེས་རེད།
ད་དུང་ཨ་རིའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཆེད་བཞག་པའི་གྲོས་ཆོད་ཁག་ལ་མཚོན་ན། སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་གྱི་ཐོག་ནས་བཞག་ཡོད་པས། བོད་དོན་དེ་ཨ་རིའི་སྲིད་དོན་ཚོགས་པ་བྱེ་བྲག་པ་གཅིག་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མ་ཡིན་པར། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་ཀྱི་ཐོག་ནས་བཤད་ཀྱང་། སྲིད་དོན་ཚོགས་པ་གཉིས་ཀའི་ངོས་ནས་ཐོན་པའི་སྲིད་འཛིན་གྱིས་གནང་མྱོང་བ་དང་། བོད་པར་རོགས་དངུལ་གནང་སྟངས་ཀྱི་ཐོག་ནས་ཀྱང་ཚོགས་པ་སུའི་འོས་མི་སྲིད་འཛིན་དུ་སླེབས་མིན་ལ་མ་ལྟོས་པར་རྒྱབ་སྐྱོར་མུ་མཐུད་དུ་གནང་ཡོད། དེར་བརྟེན་ཨ་རིའི་སྲིད་འཛིན་བྱེ་བྲག་པ་གཅིག་གི་བྱེད་སྟངས་ཙམ་མ་ཡིན་པར། ཨ་མེ་རི་ཀའི་སྲིད་གཞུང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་བྱེད་སྟངས་དེ་གྲོས་ཚོགས་ནས་ཁྲིམས་ཀྱི་ངོ་བོར་གཏན་འབེབས་གནང་ཡོད་པ་དང་། དེ་ལ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཟིན་པས་སྲིད་འཛིན་བྱེ་བྲག་པ་གཅིག་གིས་འགྱུར་བ་གཏོང་ཆོག་ཆོག་ཅིག་གཏན་ནས་མིན།
རྒྱ་གར་ལ་མཚོན་ན་བོད་དོན་ཆེད་རྒྱབ་སྐྱོར་ཆེ་ཤོས་གནང་མཁན་གྱི་སྲིད་གཞུང་དེ་ཡིན་པ་དང་། རྒྱ་གར་གཞུང་གིས་བོད་པ་ལ་རྒྱབ་སྐྱོར་གནང་བ་ལྟ་བུ་རྒྱལ་ཁབ་སུས་ཀྱང་གནང་མྱོང་མེད་ཀྱང་། རྒྱ་གར་གཞུང་གིས་སྐྱབས་བཅོལ་བ་སྤྱི་དང་། བྱེ་བྲག་བོད་པ་སྐྱབས་བཅོལ་བ་རྣམས་ལ་རྒྱབ་སྐྱོར་གནང་ཕྱོགས་ཀྱི་རྩ་འཛིན་ཁྲིམས་སྒྲིག་ཁ་གསལ་གྲོས་ཚོགས་ནས་ཁྲིམས་སུ་བཅས་པ་ཞིག་ད་བར་བྱུང་མེད། བོད་པར་མཐུན་རྐྱེན་སྦྱོར་སྤྲོད་དང་རོགས་རམ་གནང་ཕྱོགས་སོགས་ཚང་མ་འཛིན་སྐྱོང་གི་ཐག་གཅོད་གཏན་འབེབས་ལ་བརྟེན་ནས་བྱུང་ཡོད་པས། གལ་སྲིད་མ་འོངས་པར་འགྱུར་བ་གཏོང་དགོས་པའི་དབང་དུ་བཏང་ཡང་འཛིན་སྐྱོང་གིས་གཏོང་ཆོག་ཆོག་ཅིག་རེད། རྒྱ་གར་སྲིད་གཞུང་གི་དཔོན་རིགས་ཁག་ངང་རྒྱུད་རིང་པོ་དང་། ཕྱི་ཐག་བརྟན་པོ་ཡིན་པས་བོད་དོན་ཆེད་འགྱུར་བ་ཆེན་པོ་གཏོང་སྲིད་པའི་ཉེན་ཁ་མ་མཐོང་ཞིང་། ཨ་རིའི་བོད་དོན་རྒྱབ་སྐྱོར་ནི་གྲོས་ཚོགས་ནས་ཁྲིམས་སུ་གཏན་འབེབས་གནང་ཟིན་པས་སྲིད་འཛིན་སུ་ཡིན་མིན་དང་འབྲེལ་བ་དེ་བས་ཀྱང་མེད།།