བོད་དོན་དེ་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནད་དོན་ཡིན་པས་གླེང་སློང་བྱེད་དགོས་པའི་སྐུལ་མ་བྱས་འདུག 

ཟླ་༡༡ པའི་ཚེས་༣ དང་༤ ཉིན་འཇར་མན་རྒྱལ་ཁབ་ནང་དུ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་ཚོའི་ལྷན་ཚོགས་འཚོགས་ཀྱི་ཡོད་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྷན་ཚོགས་སྐབས་སུ་བོད་དོན་དེ་ནི་རྒྱལ་སྤྱིའི་བདེ་འཇགས་གནད་དོན་ཞིག་ཡིན་པས་གླེང་སློང་ངེས་པར་དུ་གནང་དགོས་པའི་སྐུལ་མ་བྱས་འདུག 

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྟོབས་ཆེན་རྒྱལ་ཁབ་༧ གྱི་ཕྱི་སྲིད་བློན་ཆེན་རྣམས་ལ་ཕུལ་བའི་ཞུ་ཡིག་ནང་དུ། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་དེ་དག་བོད་དང་བོད་མིའི་གནད་དོན་ལ་གནོད་སྐྱོན་དང་དོ་ཕོག་གཏོང་བཞིན་པ་མ་ཟད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་གཙོས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བདེ་འཇགས་ལའང་གནོད་སྐྱོན་དང་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་བྱས་ནས། ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཐོག་རྒྱ་ནག་གི་སྲིད་བྱུས་དེ་དག་གི་ཤུགས་རྐྱེན་དང་གདོང་ལེན་གནང་ཕྱོགས་སོགས་ལ་དགོངས་པ་བཞེས་གལ་ཆགས་ཡོད་པ། འདས་པའི་ལོ་བཅུའི་ནང་ཞི་ཅིང་ཕིང་གི་དབང་འཛིན་འོག་རྒྱ་ནག་འདི་སྔར་ལས་ཆེས་དམ་དྲག་ཆེ་ཞིང་། དྲག་པོའི་དམག་ཤུགས་ལྡན་པའི་གཅིག་སྡུད་རིང་ལུངས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། བོད་ལ་ཆ་མཚོན་ན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཕྲུག་གཙོས་བོད་མི་རྣམས་རང་ཉིད་ཀྱི་སྐད་ཡིག་དང་ནང་ཆོས་སོགས་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་དང་རྒྱང་ཐག་རིང་དུ་གཏོང་བཞིན་ཡོད་པ། རྒྱལ་སྤྱིའི་འགོ་ཁྲིད་དང་མང་ཚོགས་རྣམས་ཀྱིས་རྒྱ་གཞུང་གི་ཐབས་བྱུས་ལྡན་པའི་སྲིད་བྱུས་དེ་དག་ལ་ངོས་ལེན་གནང་རྒྱུ་མེད་པར་མ་ཟད་ལྷག་པར་དུ་རྒྱ་གཞུང་གིས་བོད་གཙོས་ཡུ་གུར་ས་ཁུལ་དང་ཧོང་ཀོང་སོགས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་ལ་རྒྱལ་སྤྱིའི་འགོ་ཁྲིད་རྣམ་པས་གླེང་སློང་དང་གདོང་ལེན་སོགས་མ་གནང་བར་སྣང་མེད་དུ་བཏང་ཚེ་རྒྱ་ནག་གཞུང་ནས་ད་ཡོད་སྲིད་བྱུས་ཁག་གི་ཐོག་ལ་མུ་མཐུད་དྲག་པོའི་སྲིད་བྱུས་གཞན་ལག་བསྟར་བྱེད་ཀྱི་རེད་ཅེས་གསུངས་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཐེངས་འདིའི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཐོག རྒྱ་ནག་གཞུང་གིས་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱས་པར་ངོ་རྒོལ་གྱི་རྣམ་འགྱུར་གསལ་པོ་བཏོན་དགོས་པ་དང་། བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་བདེ་འཇགས་དང་འབྲེལ་ནས་ཡོད་སྟབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ངེས་པར་དུ་ལྷན་ཚོགས་ཀྱི་གཞུང་འབྲེལ་བསྒྲགས་གཏམ་ནང་དུ་བཀོད་དགོས་པ་དང་། དེའི་ནང་དུ་བོད་ནང་དུ་རང་དབང་ཅན་གྱི་རྟོག་ཞིབ་བྱེད་དུ་འཇུག་པ། རང་དབང་ཅན་གྱི་གསར་འགོད་པ་དང་སྤྱི་དམངས་ཚོགས་སྡེ་ཁག་བསྐྱོད་དུ་འཇུག་རྒྱུ་གལ་ཆེན་ཡིན་པ་ནན་བརྗོད་གནང་བའི་སྐུལ་མ་བྱས་འདུག

དེ་སྔོན་ཟླ་༡༠ པའི་ཚེས་༢༧ ཉིན་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས། དབྱིན་ཡུལ་གཞུང་ལ་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གི་བཙན་གནོན་ལམ་ལུགས་འོག མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭའི་སྲིད་བྱུས་ལས་སྲུང་སྐྱོབ་དགོས་པའི་ཞུ་གཏུག་སྙན་ཞུ་ཞིག་ཕུལ་འདུག

ལོ་སྔོན་མའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་སྙན་ཐོའི་ནང་དུ། བོད་ནང་གི་ཤེས་ཡོན་ལམ་ལུགས་འོག་གི་སློབ་གྲྭ་ཕལ་ཆེ་བ་གཏན་སྡོད་སློབ་གྲྭ་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་ནང་གི་སློབ་ཕྲུག་ལོ་༦ ནས་༡༨ བར་གྱི་སློབ་ཕྲུག་བརྒྱ་ཆ་༧༨ མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་བཞིན་པ། ཕ་མ་ཚོར་གདམ་ཀ་གཞན་མེད་སྟབས་ཕྲུག་གུ་ཚོ་གཏན་སྡོད་སློབ་གྲྭར་མི་གཏོང་ཐབས་མེད་གྱུར་ཡོད་པ། བོད་ནང་བཙན་གནོན་གྱི་ཁོར་ཡུག་འོག་ཞུ་གཏུག་བྱེད་ས་མེད་པ། ཕ་མ་ཁ་ཤས་ལ་གནོན་ཤུགས་དང་འཇིགས་སྐུལ་བྱས་ནས་ཕྲུག་གུ་མི་འདོད་བཞིན་དུ་གཏན་སྡོད་སློབ་གྲྭར་གཏོང་འཇུག་གི་ཡོད་པ། སློབ་གྲྭ་དེ་དག་ནང་སློབ་ཁྲིད་ཚང་མ་རྒྱ་སྐད་རྒྱ་ཡིག་ནང་བྱེད་བཞིན་པ། སློབ་ཕྲུག་ཚོ་སོ་སོའི་ཕ་མ་དང་སྤྱི་ཚོགས་ནས་རྒྱང་རིང་དུ་སྡོད་དགོས་ཀྱི་ཡོད་སྟབས་རང་གི་ཆོས་དང་རིག་གཞུང་སོགས་ཉམས་ལེན་མི་ཐུབ་པ། སློབ་ཕྲུག་ཚོར་རྒྱལ་ཞེན་དང་ཆབ་སྲིད་ཀྱི་སློབ་གསོ་སྤྲད་ནས་བསམ་བློ་བསྒྱུར་བཀོད་བྱེད་པ། དེ་བས་བོད་རིགས་སློབ་ཕྲུག་རྣམས་ཀྱིས་མི་རིགས་རང་གི་ཕ་སྐད་བརྗེད་ཅིང་མི་རིགས་ཀྱི་རིག་གཞུང་དང་རྒྱང་ཐག་ཇེ་རིང་དུ་འགྲོ་ཉེན་ཡོད་པ་སོགས་བཀོད་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་གཏན་སྡོད་སློབ་གྲྭ་དེ་ཚོ་བོད་རིགས་དང་གྲངས་ཉུང་མི་རིགས་ཁག་ལ་དམིགས་ཡོད་པ་དང་། མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་གཏན་སྡོད་སློབ་གྲྭ་བཙུགས་པ་དེས། རྒྱ་ནག་གཞུང་གིས་ཁས་ལེན་བྱས་བའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་མང་པོར་རྡོག་རོལ་བཏང་ཡོད་པ་མ་ཟད། རྒྱ་ནག་རང་གི་ཁྲིམས་ལུགས་དང་འགལ་ཡོད་པ་སོགས་བཀོད་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭ་ཕོན་ཆེ་འཛུགས་བཞིན་པའི་ལས་གཞི་རྒྱ་ཆེར་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གང་ཡང་མི་ཤེས་པའི་མི་རབས་ཤིག་བསྐྲུན་ཐབས་བྱེད་མུས་ཡིན་པ་གསལ་བཏོན་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།