བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ཐེངས་ལྔ་པ་མཇུག་བསྒྲིལ་འདུག
ཁེ་ན་ཌར་གནས་སྡོད་བྱེད་མཁན་པདྨ་བཀོད་པའི་བོད་མི་ཁག་ཅིག་གིས་སྤྱི་ལེ་༤༥༠ ཙམ་ཡོད་པའི་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་བ་(Ottawa) ་ནས་ཀྲོ་རོན་ཀྲོ་(Toronto) ་བར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ཐེེངས་ལྔ་པ་དེ། ཟླ་འདིའི་ཚེས་༦ ཉིན་ཀྲོ་རོན་ཀྲོ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་ཞི་བའི་རྒྱང་རྒྱུགས་པ་ཚོ་བསུ་བ་དང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ནས་ལས་འགུལ་མཇུག་བསྒྲིལ་འདུག
![](https://bangchen.tibetexpress.net/wp-content/uploads/2024/10/461702400_526377750096409_3599626131829989688_n-1024x577.jpg)
ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་སྤེལ་བའི་ཐད་སྲིང་བརྙན་ཐུང་ལྟར་ན། སྐབས་དེར་ལས་འགུལ་བ་པདྨ་ཀུན་དགའ་ཡིས། རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་བཙུགས་པ་དེ་བོད་ཕྲུག་ཚོ་ལ་སློབ་སྦྱོང་སྤྲད་ནས་ཡག་པོ་བཟོ་རྒྱུ་དེ་མ་ཡིན་པར། བོད་ཀྱི་སྐད་དང་རིག་གཞུང་རྩ་མེད་གཏོང་ཆེད་གཏན་འཇགས་སློབ་གྲྭ་ཁག་བཙུགས་ཡོད་པ་དང་། རང་དབང་ལུང་པར་ཡོད་མཁན་མི་རེ་ངོ་རེར་བོད་དོན་འཐབ་རྩོད་བྱེད་རྒྱུའི་འགན་ཡོད་པ། ཐེངས་འདིའི་ལས་འགུལ་དང་འབྲེལ་ས་གནས་ཁག་གི་བོད་མི་མང་པོས་རྒྱབ་སྐྱོར་གནང་སྐོར། ལྷག་པར་དུ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་གཅིག་ལོ་བཅོ་བརྒྱད་ཡིན་པ་སོགས་ལས་འགུལ་ནང་མཉམ་ཞུགས་དང་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་གཏམ་བཤད་གནང་འདུག
ལས་འགུལ་དེ་ཕྱི་ཟླ་༩ ་ཚེས་༣༠ ་ཉིན་དབུ་འཛུགས་གནང་ཡོད་པ་དང་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་པདྨ་བཀོད་པའི་བོད་མི་གཞོན་སྐྱེས་དྲུག་བྱུང་ཡོད་འདུག ལས་འགུལ་དེའི་དགོས་འདུན་དང་འབོད་སྐུལ་དོན་ཚན་གསུམ་ཡོད་འདུག་པ་དག་ནི། བོད་ནང་གི་གཏན་འཇགས་སློབ་གྲྭས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པས་གཏན་འཇགས་སློབ་གྲྭ་སྒོ་རྒྱག་དགོས་པ་དང་། རྒྱ་གཞུང་གིས་ཆུ་མཛོད་སོགས་འཛུགས་སྐྲུན་གྱི་ལས་གཞི་ལ་བརྟེན་ནས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་ཡོད་པའི་དབང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། ༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་རྒྱུ་ལ་རྒྱབ་སྐྱོར་གནང་དགོས་པ་བཅས་ཡིན་འདུག
འདས་པའི་ཉིན་གྲངས་བདུན་ཙམ་གྱི་རིང་། ལས་འགུལ་བ་ཚོས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་པ་དང་། ལྷག་པར་དུ་ཨོ་ཌ་བ་(Ottawa) ་ལ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བཞི་དང་མཇལ་འཕྲད་ཀྱིས་ལས་འགུལ་གྱི་དགོས་འདུན་ཁག་ངོ་སྤྲོད་དང་། འཐུས་མི་ཚོ་ལ་ཁེ་ན་ཌའི་གྲོས་ཚོགས་སུ་དེ་དག་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག
རྩ་བའི་ཆ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ལས་འགུལ་དེ་ཕྱི་ལོ་༢༠༢༠ ལོར་ཐེངས་དང་པོ་དབུ་འཛུགས་གནང་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།