བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བའི་རེ་སྐུལ་ཞུས་འདུག
དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་གིས་ཧྥིན་ལན་ཌ་གྲོས་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་ལྟར། བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བའི་རེ་སྐུལ་ཞུས་ཡོད་པ་རེད་འདུག
དེ་ཡང་ཟླ་༡ པོའི་ཚེས་༢༣ ནས་༢༨ བར་དབྱིན་ཡུལ་གྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་གིས་ཧྥིན་ལན་ཌ་དང་པཱོ་ལན་ཌ་རྒྱལ་ཁབ་གཉིས་ཀྱི་ནང་དུ་ཆེད་ཕེབས་ཀྱིས། རྒྱལ་ཁབ་དེ་གཉིས་ཀྱི་སྲིད་གཞུང་དང་ཚོགས་སྡེ་ཁག་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་གིས་ལོ་རྒྱུས་ཐོག་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད་པ་དང་། རྒྱ་ནག་དམར་ཤོག་གཞུང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ། རྒྱ་ནག་གཞུང་གིས་བོད་ནང་རིགས་རྫས་གནས་ཚུལ་བསྡུ་རུབ་དང་། བོད་རྒྱ་མི་རིགས་ཕན་ཚུན་བར་གཉེན་སྒྲིག་བྱེད་དུ་བཅུག་ནས་བོད་རིགས་ཧན་མི་རིགས་སུ་སྒྱུར་བཞིན་པ། བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད་འདུག
དེ་བཞིན་ཁོང་གིས་ཧྥིན་ལན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་གྲངས་ལྔ་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ཝ་ (Eva Biaudet)། བོད་དོན་རྒྱབ་སྐྱོར་བ་སོགས་དང་ལྷན་མཇལ་འཕྲད་གནང་སྟེ། ཧྥིན་ལན་ཌའི་གཞུང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་མང་ཚོགས་ལ་ཡོངས་གྲགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་དགོས་པ་དང་། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ (Tibetan Policy and Support Act of 2020) གཏན་འབེབས་གནང་བ་ལྟར་ཕིན་ལེནྜའི་གཞུང་གི་ངོས་ནས་ཀྱང་དེ་ལྟར་ཁྲིམས་ཤིག་གཏན་འབེབས་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད་འདུག
གཞན་ཡང་ཁོང་གིས་པཱོ་ལན་ཌ་ནང་དུ་གྲོས་ཚོགས་འཐུས་མི་མོ་ནི་ཀ་ (Monika Wielichowska)ཡི་གཙོ་སྐྱོང་འོག གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་བ་མ་ཟད། གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མེལ་གྷོར་ཛ་ཊ་(Małgorzata Kidawa-Blonska)དང་མཇལ་འཕྲད་ཞུས་ཡོད་འདུག གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མེལ་གྷོར་ཛ་ཊ་ (Małgorzata Kidawa-Blonska)ཡིས་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་གྲོས་ཚོགས་སུ་སྣེ་ལེན་གནང་ཡོད་འདུག་པས། སྣེ་ལེན་དེ་ནི་བོད་མིའི་སྐུ་ཚབ་དོན་གཅོད་ཅིག་རྒྱལ་ཁབ་དེའི་གྲོས་ཚོགས་འཚོགས་སྐབས་གྲོས་ཚོགས་སུ་སྣེ་ལེན་གནང་བ་ཐེངས་དང་པོ་ཆགས་ཡོད་སྐོར་འདུག
ཁོང་གིས་པཱོ་ལན་ཌའི་བོད་རིགས་ཚོགས་པ་དང་། བོད་མིའི་སྨན་ཁང་། ཀརྨ་བདེ་ཆེན་ཆོས་གླིང་། ཧེལ་སིངྐི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཚོགས་པ་བ་ (Helsinki Human Rights Foundation) བཅས་ཀྱི་སྐུ་ཚབ་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།