བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོས་འདུག

རྒྱ་ནག་ལ་ཁ་གཏད་གཅོག་མཁན་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མྱོང་མཁན་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེ་༧༢ པར་བསྐོ་གཞག་གནང་འདུག ཁོང་གིས་མ་འོངས་ལས་དོན་གང་གནང་ཡང་། ལས་དོན་དེས་ཨ་རི་ཡར་རྒྱས་དང་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད་མེད་སོགས་ལ་གཞིགས་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

པར། The tribune

ཟླ་འདིའི་ཚེས་༢༠ ཉིན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་འདུག་པ་དང་། ཁོང་གིས་ཕྱི་སྲིད་དྲུང་ཆེའི་དམ་བཅའ་ཕུལ་ནས་གཏམ་བཤད་གནང་སྐབས། མ་འོངས་ལས་དོན་གང་ཞིག་བརྩམས་རུང་། ལས་དོན་དེས་ཨ་རི་ཡར་རྒྱས་དང་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད་མེད། ཨ་རིའི་བདེ་འཇགས་ཡག་ཏུ་གཏོང་གི་ཡོད་མེད་བཅས་དྲི་བ་གསུམ་གྱི་ལན་ལ་གཞིགས་ནས་ལས་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
རྒྱུན་དུ་རྒྱ་ནག་དང་ཁྱིའུ་བྷ་དམར་ཤོག་ཚོགས་པ་སོགས་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་དང་། དེ་སྔར་ཁོང་གིས་ཧོང་ཀོང་མང་གཙོའི་ལས་འགུལ་བར་རྒྱབ་སྐྱོར་བྱས་པར་བརྟེན། ཕྱི་ལོ་༢༠༢༠ ལོར་རྒྱ་གཞུང་གིས་ཁོང་ལ་ཉེས་ཆད་བཀལ་ཡོད་འདུག

ཕྱི་ལོ་༢༠༡༩ ལོར་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཇིམ་མེག་གྷོ་ཝན་(Jim McGovern) ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐོག་ཚོགས་ཆུང་ཟུར་འཛུགས་བྱས་ཡོད་པ་དེའི་ཚོགས་གཙོར་བསྐོ་གཞག་གནང་བ་དང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་(ཁོང་) མར་ཁོ་རུ་བྷིའོ་(Marco Rubio) ལས་དོན་ཚོགས་ཆུང་དེའི་ཚོགས་གཞོན་དུ་བསྐོ་གཞག་གནང་ཡོད་འདུག

གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་མཆོག་གིས་ཕྱི་ལོ་༢༠༡༤ ལོར་ཨ་རིའི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་བཏོན་གནང་ཡོད། དེ་རྗེས་ཕྱི་ལོ་༢༠༡༧ ཟླ་༤ ནང་ཨ་རྒྱའི་སྲིད་འཛིན་ཊོམ་དང་ཞི་ཅིན་ཕིང་གཉིས་བར་མཇལ་འཕྲད་མ་གནང་གོང་ཙམ་ལ་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ངོ་སྤྲོད་གནང་ཡོད་པ་དང་ངོ་སྤྲོད་གནང་མཁན་གྲས་སུ་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷིའོ་(Marco Rubio) ཡང་ཡོད་འདུག

གཞན་ཡང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་དང་མང་གཙོ་ཚོགས་པ་བཅས་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་བདུན་ཡོད་པ་རྣམས་ལ་བོད་དང་། ཏཱ་ལའི་བླ་མ། འགྲོ་བ་མིའི་ཐོབ་ཐང་། རྒྱ་ནག་དང་འབྲེལ་ལམ་གྱི་གནད་དོན་སོགས་ཀྱི་སྐོར་དྲི་བ་དྲུག་ཕུལ་ཡོད་པར། མར་ཁོ་རུ་བྷིའོ་མཆོག་གིས་དྲི་བ་དྲུག་ཀར་ལན་འདེབས་གནང་ཡོད་པ་མ་ཟད། གལ་སྲིད་ཁོང་རང་ཉིད་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་ཕོ་བྲང་དཀར་པོར་གདན་འདྲེན་ཞུ་རྒྱུ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན་པར་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས།

པར།ཀ་ནེག་ཀྲི་ཀཊ་བོད་རིགས་སྤྱི་མཐུན་ཚོགས་པ།

ཕྱོགས་མཚུངས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁང་ཞིག་ཀྱང་གསར་འཛུགས་གནང་འཆར་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་ཁོང་གི་འཛིན་སྐྱོང་གི་ཕྱི་སྲིད་ཀྱི་གནད་དོན་ཁྲོད་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་རྒྱུ་ཡིན་ཞེས་ལན་འདེབས་གནང་ཡོད་འདུག་པ་བཅས་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཆགས་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་དེ་ཐོག་མར་ཕྱི་ལོ་༢༠༠༠ ལོར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། དེའི་དགོས་དོན་གཙོ་བོ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྟོག་ཞིབ་གནང་རྒྱུ་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དག་རྒྱལ་སྤྱིའི་གནས་ཚད་དང་མཉམ་པ་ཞིག་བཟོ་ཐབས་གནང་རྒྱུའི་ཆེད་ཡིན་འདུག ཚོགས་ཆུང་དེའི་ནང་གྲོས་ཚོགས་གོང་འོག་ནས་གྲོས་ཚོགས་འཐུས་མི་དགུ་རེ་ཡོད་ཅིང་། དེའི་ཁར་འཛིན་སྐྱོང་ལས་བྱེད་རྒན་གྲས་ལྔ་བཅས་ཁྱོན་ཚོགས་མི་གྲངས་༢༣ ཡོད་འདུག་པ་བཅས།

གསར་འགོད་པ། བློ་བཟང་རྒྱ་མཚོ།