བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་འཇུ་བཟུང་བཀག་ཉར།

14741690_1287719411272466_2025004116_nཟླ་འདིའི་ཚེས་༡༥ ཉིན་རྩོམ་པ་པོ་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། རྒྱ་གར་གྷོ་ཝའི་ཏ་ཇེ་(Taj) གསོལ་མགྲོན་ཁང་གི་ཉེ་འཁྲིས་ནས། རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་གྱི་སྲིད་བློན་མོ་ཌི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས། གྷོ་ཝའི་ཏ་ཇེ་གསོལ་མགྲོན་ཁང་དུ་མཇལ་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་སྐུ་ཚབ་བར་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། བསྟན་འཛིན་བརྩོན་འགྲུས་ཀྱིས་སྔོན་ནས་ངོ་རྒོལ་གྲ་སྒྲིག་བྱས་ཏེ་དེར་གབ་བསྡད་ཡོད་པས། ཚོགས་འདུར་ཡོང་མཁན་གྱི་མོ་ཊ་སླེབས་སྐབས་ཁོང་གིས་བོད་དོན་སྐད་འབོད་བྱས་ཏེ་མོ་ཊའི་མདུན་ལ་མཆོང་པར་བརྟེན། ཁོང་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

14694790_1287720227939051_884062629_nཟླ་འདིའི་ཚེས་༡༥ དང་༡༦ ཉིན་རྒྱ་གར་དང་རྒྱ་ནག བྷེ་ར་ཛེལ། ཨུ་རུ་སུ། ལྷོ་ཨ་ཕེ་རི་ཀ་བཅས་ཀྱི་འགོ་ཁྲིད་བར་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་མང་པོ་ཞིག་གིས། ས་གནས་འདྲ་མིན་ནས་ལས་འགུལ་སྤེལ་ཏེ། རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། ད་ལྟའི་ཆར་ཚང་མ་གློད་གྲོལ་བཏང་ཡོད་ནའང་། བསྟན་འཛིན་བརྩོན་འགྲུས་ཉིན་གསུམ་རིང་བཙོན་འཇུག་བྱེད་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།