བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་དྲུག་པ་འགོ་བཙུགས་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་ནས་འགོ་འཛུགས་ཀྱིས་སིམ་ལ་དང་དྷ་སར་བརྒྱུད་ལྡི་ལི་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་དྲུག་པ་འགོ་བཙུགས་འདུག

ཟླ་འདིའི་ཚེས་༢༥ དང་། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་དགུང་གྲངས་༣༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་དྲུག་པ་དེ་འགོ་འཛུགས་གནང་འདུག་པ་དང་།

ཁོང་གིས་ལས་འགུལ་དེ་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་ནས་འགོ་འཛུགས་ཀྱིས་སིམ་ལ་དང་དྷ་སར་བརྒྱུད་ལྡི་ལི་བར་སྤེལ་རྒྱུ་རེད་འདུག

ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་འདུག་པ་ནི། ༡ རྒྱལ་སྤྱིའི་སྤྱི་ཚོགས་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་རྒྱུའི་འབོད་སྐུལ། ༢ རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འོག་རྒྱ་དམར་སྲིད་གཞུང་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་སླད་གྲོས་མོལ་གནང་རྒྱུ་ལ་ཤུགས་སྣོན་རྒྱག་གནང་ཡོང་བའི་འབོད་སྐུལ། ༣ རང་རིགས་གཞོན་སྐྱེས་གཙོས་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་བཅས་ཡིན་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ནི་དགུང་ལོ་༦༣ ཡིན་ཞིང་། ཆུང་དུས་ནས་ཕ་དམ་པའི་དགོངས་གཞི་ལྟར་བོད་སྤྱི་པའི་དོན་དུ་ཕྱག་ལས་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་པ་མ་ཟད། དེ་སྔོན་ཡང་། དྷ་ས་ནས་གནས་མཆོག་རྡོ་རྗེ་གདན་བར་དང་། སྦེལ་ཀོབ་ནས་བདེ་སྐྱིད་གླིང་བར། དེ་བཞིན་བདེ་སྐྱིད་གླིང་ནས་ལྡི་ལི་བར་དང་། ལ་དྭགས་ནས་དྷ་ས་བར། དེ་བཞིན་རྟ་དབང་ནས་ལྡི་ལི་བར་བཅས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ལྔ་སྤེལ་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།