བོད་ནང་གནའ་བོའི་ཊམ་ཀ་ཕོན་ཆེན་རྙེད་སོན་བྱུང་བ།

ཇོ་མོ་གླང་མའི་ཉེ་འགྲམ་གྱི་བོད་དིང་རི་ས་གནས་ཀྱི་རོང་པོ་དགོན་པ་བསྐྱར་བཟོ་བྱེད་སྐབས། ས་འོག་ནས་གནའ་བོའི་ཊམ་ཀ་༥,༥༠༠ ཙམ་རྙེད་སོན་བྱུངཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༦ དང་༧ ཉིན་གྱི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༤ པའི་ཚེས་༢༧ ཉིན་གཏེར་འདོན་བྱས་པའི་ཊམ་ཀ་དེ་དག་ནི་ཉུང་མཐར་ལ་ལོ་༢༠༠ ཡི་རྙིང་པ་ཡིན་པ་དང། དེ་དག་ཁྱོན་བསྡོམས་པའི་ལྗིད་ཚད་ཀི་ལོ་༢༦.༦ དང་དབྱིབས་སྒོར་སྒོར། དེ་བཞིན་ངོས་སུ་མེ་ཏོག་གི་བཀོད་པ་ཡོད་འདུག

དབང་ཀུན་ཞེས་པ་དིང་རིའི་འགོ་ཁྲིད་ཀྱིས། ཊམ་ཀའི་སྟེང་དུ་ཡོད་པའི་ཡི་གེ་ལས། དེ་དག་ནི་དུས་རབས་བཅོ་བརྒྱད་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་བཟུང་བའི་དུས་སྐབས་ནས་ཡིན་པ་ཤེས་ཐུབ་སྐོར་འགྲེལ་བརྗོད་བྱས་འདུག

ཊམ་ཀའི་སྐོར་ལ་མཁས་པ་ཡིན་པ་ཞིག་གིས། བོད་ནང་དུ་ཊམ་ཀ་པར་སྐྲུན་དེ་ཐོག་མར་ཕྱི་ལོ་༡༧༩༢ ལོར་འགོ་བཙུགས་ཡོད་པ་དང། དེ་ཡང་བོད་ནང་དུ་ཡོད་པའི་རྒྱ་ནག་གཞུང་གི་བློན་པོས་པར་སྐྲུན་ཐེངས་དང་པོར་སྟངས་འཛིན་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱ་གཞུང་གི་བརྒྱུད་ལམ་ཁག་གསུམ་ཙམ་གྱི་གནས་ཚུལ་དེ་བཀོད་སྟངས་གཅིག་མཚུངས་རེད་འདུག་ཀྱང། ཊམ་ཀའི་དཔར་གནས་ཚུལ་དང་མཉམ་དུ་བཞག་མི་འདུག་པས། ཊམ་ཀ་དེ་ག་འདྲ་ཡོད་མེད་ཤེས་ཐབས་བྲལ་འདུག

གནའ་མོ་བོད་ནང་ཊམ་ཀ་སོགས་དངུལ་བེད་སྤྱོད་ཐོག་མར་དུས་རབས་༡༧ ནང་བྱེད་འགོ་བཙུགས་ཡོད་འདུག་པ་དང། དེ་ཡང་ཐོག་མར་བལ་པོའི་དངུལ་ཊམ་ཚོང་འབྲེལ་སོགས་ཀྱི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང། རྗེས་སུ་ཕྱི་ལོ་༡༧༦༣ དང་༡༧༦༤། དེ་བཞིན་༡༧༩༢ ལོར་རྒྱ་ནག་དང་བོད་གཉིས་ཀྱིས་མཉམ་འབྲེལ་ཐོག་དངུལ་ཊམ་བཟོས་ཡོད་འདུག་པ་དང། ཕྱི་ལོ་༡༨༤༠ ཡི་ནང་དུ་བོད་རང་གིས་ཊམ་ཀ་བཟོས་པའི་ལས་གཞི་འགོ་བཙུགས་ནས་ཕྱི་ལོ་༡༩༥༤ བར་མུ་མཐུད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།