བོད་ནང་གི་བོད་མི་ལྔ་རང་ཤི་བརྒྱབ་འདུག

བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་སྒོ་རྒྱ་བསྡམས་ནས་ད་བར་ཉིན་གྲངས་༥༡ འཁོར་བཞིན་ཡོད་པ་དང་། འདས་པའི་དུས་ཡུན་དེ་དག་གི་རིང་བོད་ནང་གི་བོད་མི་ཚོས་འཁྱགས་ལྟོག་དང་བཀྲེས་སྐོམ། ནད་ཡམས་སོགས་ཀྱི་དཀའ་ངལ་ཚད་མེད་མྱོང་ཡོད་པ་དང་། ལྷག་པར་དུ་འདས་པའི་ཉིན་གྲངས་གསུམ་གྱི་རིང་ལྷ་ས་ནས་བོད་མི་ལྔ་ཡིས་རང་ཤི་བརྒྱབ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་བོད་མི་ཚོའི་ཐོག་ལ་དམ་དྲག་དང་བཙན་བཀག་གཏོང་བཞིན་ཡོད་པའི་དབང་གིས་བོད་ནང་གི་གནས་ཚུལ་ཞིབ་ཚགས་ཤེས་རྟོགས་ཐུབ་རྒྱུ་ལ་དཀའ་ངལ་ལྷག་པར་ཆེ་བས་གཤམ་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་སྤེལ་དོན།

“ བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་སྒོ་རྒྱག་བཀག་བསྡོམས་བྱས་ནས་དེ་རིང་ཉིན་གྲངས་ ༤༩ འཁོར་བཞིན་ཡོད། ཧ་ཅང་དམ་དྲག་ཅན་གྱི་རྒྱ་ནག་གི་རིམས་ནད་གཙང་དག་གི་སྲིད་ཇུས་ཟེར་བ་དེ་ཉིད་བོད་དབུས་སུ་ལག་བསྟར་བྱས་ཏེ་སྒོ་རྒྱག་བཀག་བསྡོམས་དམ་པོ་བྱས་ནས་བོད་མི་ཚོར་དཀའ་སྡུག་ཚད་མེད་སྤྲད་པར་བརྟེན་ཕྱི་ཟླ་ ༩ པའི་ཚེས་ ༢༣ ནས་༢༥ བར་ལྷ་ས་ནས་བོད་མི་ལྔ་ཙམ་ཁང་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབས་པའི་གནས་ཚུལ་ཐོན་འདུག་པ་མ་ཟད་དེ་འབྲེལ་གྱི་བརྙན་པར་ཁག་ཅིག་ཀྱང་དྲྭ་ལམ་དུ་ཁྱབ་བཞིན་འདུག

ལྷ་ས་ནས་སྤེལ་བའི་པོད་ཕྲན་དང་སྐད་འཕྲིན་སོགས་ཀྱི་གནས་ཚུལ་ལ་བལྟས་ན་ཕྱི་ཚེས་ ༢༣ གྱི་ཞོགས་པ་ལྷ་སའི་ཤར་ངོས་དགའ་སྐྱིད་གླིང་སྡེ་ཁུལ་གསུམ་པ་ནས་མི་གཅིག་ཁང་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབས་པ་དང་། ཚེས་ ༢༤ དང་ཚེས་ ༢༥ གཉིས་སུ་ལྷ་སའི་ནུབ་ངོས་ཕྱོགས་བསྡུས་ཁྲལ་སྲུང་ས་ཁུལ་གྱི་ལོགས་བཀག་ཁང་གཉིས་པ་ནས་མི་གཅིག  ནོར་བུ་གླིང་གའི་ཉེ་ཕྱོགས་བརྒྱད་གཅིག་སྡེ་ཁུལ་ནས་མི་གཅིག བོད་ལྗོངས་སློབ་གྲྭ་ཆེན་མོའི་ཉེ་ཕྱོགས་ལན་ཐིང་ཁང་བརྩེགས་ནས་མི་གཅིག  སེ་རའི་ལམ་ཕྱོགས་སྐལ་བཟང་མེ་ཡུ་ནས་མི་གཅིག་བཅས་ཁྱོན་མི་ལྔ་ཁང་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་པའི་གནས་ཚུལ་བྱུང་འདུག

བོད་ནང་གི་བོད་མི་ཚོས་པོད་ཕྲན་དང་སྐད་འཕྲིན་སོགས་སུ་དེའི་སྐོར་གྱི་གནས་ཚུལ་ཅུང་ཙམ་བཀོད་ན་ལམ་སེང་ནག་སུབ་གཏོང་གི་འདུག་ཅིང་དྲྭ་བྱང་མང་པོ་ཞིག་སྒོ་བརྒྱབས་ཟིན་འདུག ཕྱི་ཚེས་ ༢༤ དགོང་མོར་པོད་ཕྲན་སྟེང་དུ་བཀོད་པའི་གནས་ཚུལ་ཞིག་ལ་“དེ་རིང་ལྷ་སར་ཆར་བ་བབས་སོང་། འདས་གྲོངས་སུ་སོང་བའི་མི་དེ་ལ་མྱ་ངན་སེམས་སྡུག་བྱེད་བཞིན་པ་རེད། མི་ཤི་སོང་བ་ཡིན་ན་ལྷ་ཡུལ་ལ་ཏན་ཏན་འགྲོ་ཐུབ། མི་ཡུལ་འདི་ནི་དམྱལ་བའི་ཁམས་རེད།#བོད་ལྗོངས#”ཟེར་བ་དང་ཡང་“ལྷ་སའི་རིམས་ནད་ཀྱི་གནས་སྟངས་ལྷ་སའི་མི་གཅིག་པུས་ཤེས་ཀྱི་ཡོད། འགོ་ཁྲིད་རྣམས་ཀྱིས་མི་མང་མང་ཚོགས་ལ་མགོ་སྐོར་མི་གཏོང་བར་ཞུ། མི་མང་གིས་དཀའ་ངལ་མྱངས་པ་མང་དྲགས་སོང་། ཀྲུང་གོའི་དྲྭ་བ་དང་མི་མང་དྲྭ་བ་ཡིས་འདི་མཐོང་གི་ཡོད་རྒྱུ་མ་རེད། ཡིན་ན་ཡང་གཤམ་གྱི་གནས་ཚུལ་མཐོང་ན་བསམ་སོང་།”ཞེས་བྲིས་ཏེ་དགའ་སྐྱིད་གླིང་ས་ཁུལ་གསུམ་པའི་ཁང་བརྩེགས་ཤིག་གི་པར་དང་བཅས་པ་བཀོད་འདུག

དྲྭ་དམངས་དེ་ཡིས་ཕྱི་ཚེས་ ༢༥ ཉིན་ཡང་བསྐྱར་གནས་ཚུལ་སྤེལ་བའི་ནང་དུ་རྡོ་གཅའ་སྟེང་དུ་གན་རྐྱལ་དུ་ལོག་ནས་ཤི་བའི་ཕུང་པོ་ཞིག་གི་འདྲ་པར་སོགས་བཞག་སྟེ་ “རིམས་ནད་སྔོན་འགོག་གིས་དོན་ངོ་མར་ང་ཚོར་ཅི་ཞིག་སྤྲད་ཡོད་དམ།  ཚེ་སྲོག་རེ་རེ། (མི་མང་དཀྱུས་མའི་ཚེ་སྲོག་ལ་དངོས་གནས་རིན་ཐང་མི་འདུག)  ཐབས་ཟད། ཨུ་ཐུག  ཁ་གྲགས་མི་ཕོད། ཁ་གྲགས་མཁན་ཞིག་མི་འདུག  གལ་ཏེ་ཁ་གྲགས་པ་ཡིན་ན་ཡང་ལྷ་སའི་རི་བོ་ལས་བརྒལ་མི་ཐུབ།  ཚེ་སྲོག་དེ་དག་ལྷ་ཡུལ་ནས་སྐྱིད་པོ་ཡིན་ཤག་རེད། གང་ཡིན་ཟེར་ན་ཁོང་ཚོ་དམྱལ་བའི་ཁམས་ཀྱི་སྡུག་བསྔལ་འདི་ལས་གྲོལ་སོང་བ་རེད”ཅེས་བྲིས་འདུགཁོང་གིས་བཀོད་པའི་གནས་ཚུལ་རྣམས་ད་ལྟ་སུབ་ཚར་འདུག་ཀྱང་དྲྭ་དམངས་གཞན་དག་འགའ་ཡིས་མཆན་བཏབ་པའི་ནང་དུ་གཅིག་གིས་“གཉའ་གནོན་བྱེད་ཡག་མང་དྲགས་ནས་མི་བཞིའི་ཚེ་སྲོག་བཞི་ཤོར་ཟིན་པ་རེད། ད་ལྟ་བཟོད་ཐབས་རྩ་ནས་མི་འདུག  ཡིན་ན་ཡང་། ཚེ་སྲོག་བློས་བཏང་ནས་ངོ་རྒོལ་མ་བྱེད་ན་བསམས།” ཞེས་བྲིས་འདུག

ཡང་དྲྭ་དམངས་གཞན་ཞིག་གིས་ “ད་དངོས་གནས་བཟོད་ཐབས་མི་འདུག ཡིན་ན་ཡང་མི་ཡིས་རང་གི་ཚེ་སྲོག་བླངས་ནས་ངོ་རྒོལ་མ་བྱས་ན་བསམས་”ཞེས་བྲིས་འདུག དྲྭ་དམངས་གཞན་ཞིག་གིས་“ཡིད་ཕངས་པ་ལ། དངོས་གནས་ཅི་འདྲའི་དཀའ་སྡུག་མང་པོ་ཞིག་མྱངས་རྗེས། མཐར་ཡོངས་སུ་འཐོར་ཞིག་ཏུ་གྱུར་བ་རེད་”ཅེས་བྲིས་འདུག

ཡང་དྲྭ་དམངས་གཞན་ཞིག་གིས་“ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ནས། འུ་ཐུག་ཐབས་ཟད་དེ་དེ་འདྲ་བྱས་པ་རེད་”ཅེས་བྲིས་འདུག དྲྭ་དམངས་གཞན་ཞིག་གིས་སྐད་འཕྲིན་གྱི་རྒྱབ་ངོས་སུ་“ལྷ་སའི་གྲོགས་པོས་ཚོས་གློ་བུར་ཐོག་རྒྱག་གི་ཐག་གཅོད་བྱ་མི་རུང་།”ཞེས་བྲིས་ཤིང་འདས་པོར་བསྔོ་སྨོན་ཞུས་པའི་གནས་ཚུལ་སྤེལ་བའི་འོག་ཏུ་མི་གཞན་ཞིག་གིས་“ང་ཚོར་བཀག་བསྡོམས་ཚོད་མེད་བྱས་པ་ལ་བརྟེན། མི་བཞི་ཡི་ཚེ་སྲོག་ཤོར་བ་རེད། དེ་དག་ཚང་མ་ཁང་ཐོག་ནས་མཆོངས་བ་རེད།”ཅེས་བྲིས་འདུག་ཅིང་དེའི་འོག་གི་མཆན་གཞན་ཞིག་ཏུ་“ད་ལྟ་རང་ཡང་བསྐྱར་མི་ཞིག་ཁང་བརྩེགས་ནས་མཆོངས་འདུག ད་རང་ཤི་རྒྱག་མཁན་མི་ལྔ་བྱུང་སོང་།  འདི་འདྲ་མ་གནང་རོགས། རང་སྲོག་བཅད་ནས་ང་ཚོས་གནད་དོན་ཐག་གཅོད་ཐུབ་ཀྱི་མ་རེད་”ཅེས་བྲིས་འདུག

(རང་ཤི་རྒྱག་བཞིན་པའི་བརྙན།)

འདང་ལ་རི་རྒྱུད་འགལ་མི་ཐུབ་པའི་ལྷ་སའི་གནས་ཚུལ།
ཉེ་སྔོན་བོད་མི་ཧ་ཅང་མང་པོས་བརྙན་ལམ་བརྒྱུད་ནས་དབུས་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་འགྲེལ་བརྗོད་བྱས་རྗེས་ལྷ་སའི་གྲོང་ཁྱེར་སྲིད་གཞུང་གི་ངོས་ནས་དགོངས་སེལ་ཞུས་རྗེས་བརྙན་སྐད་ཆ་ཤོད་མཁན་མེད་པར་གྱུར་སོང་ནའང་དེ་ནི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བའི་རྒྱུ་མཚན་གྱི་ཡིན་པ་མངོན་གསལ་རེད་འདུག

གནད་དོན་དེའི་རྩད་གཅོད་གཏོང་བར་འདི་ག་ལྟེ་གནས་ཁང་གིས་བདེ་འཇགས་ཐད་གང་གཟབ་བྱས་ཏེ་ལྷ་སར་གནས་སྡོད་བྱེད་པའི་བོད་མི་ཞིག་ལ་འབྲེལ་བ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན་ཉེ་སྔོན་ལྷ་སའི་འགོ་གཙོ་གཞོན་པས་དགོངས་སེལ་ཞུས་པའི་རྗེས་སུ་པོད་ཕྲན་སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་མངོན་གསལ་དོད་པོས་སྐད་ཆ་ཤོད་མཁན་གྱི་བོད་མི་ཚང་མ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། སྤྱི་ཚོགས་དྲྭ་རྒྱར་སྔར་ལས་ལྷག་པའི་དོ་དམ་ནན་པོ་བྱེད་བཞིན་པ་མ་ཟད་ལྷ་སར་ད་དུང་ནད་རྟགས་ཡོད་མེད་གཉིས་ཀ་མཉམ་གཅིག་ཏུ་བཅུག་ནས་སྒོ་རྒྱག་བཀག་བསྡོམས་དམ་པོ་བྱས་ཡོད་པར་བརྟེན་མི་མང་བཀྲེས་ལྟོགས་དང་གྲང་ངར་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཚུལ་འགྲེལ་བརྗོད་གནང་བྱུང་།

ཉེ་ལམ་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་མ་གཏོགས་ལྷ་སའི་རིམས་ནད་སྐོར་གྱི་གནས་ཚུལ་ཧ་ཅང་ཉུང་དུ་ཕྱིན་འདུག གནས་ཚུལ་སྤེལ་མཁན་རེ་གཉིས་སུ་ལྷ་སའི་རིམས་ནད་ཀྱི་དངོས་ཡོད་གནས་ཚུལ་“འདང་ལ་རི་རྒྱུད་ཀྱི་ཕ་མཐར་”བརྒལ་ཐུབ་ཀྱི་མི་འདུག་ཅེས་བཀོད་འདུག  དྲྭ་དམངས་ཤིག་གིས་པོད་ཕྲན་སྟེང་དུ་ལྷ་སའི་གནས་ཚུལ་ནི་ལྷ་སའི་མི་གཅིག་པུས་ཤེས་ཀྱི་རེད།  ཁ་གྲགས་མཁན་མི་འདུག  ཁ་གྲགས་ནའང་ལྷ་སའི་རི་བོ་བརྒལ་ཐུབ་ཀྱི་མི་འདུག”ཟེར་བ་དང་ཡང་ལྷ་སའི་སློབ་ཆེན་སློབ་མ་ཞིག་གིས་པོད་ཕྲན་སྟེང་དུ་ “ང་ཚོའི་སྐད་ཆ་བཤད་པ་དང་གནས་ཚུལ་སྤེལ་བ་ཚང་མ་འདང་ལ་རི་རྒྱུད་ཀྱི་ཕྱི་རུ་འགྲོ་ཐུབ་ཀྱི་མི་འདུག པོད་ཕྲན་སོགས་སུ་གནས་ཚུལ་སྤེལ་བ་ཚང་མ་ལམ་སེང་ནག་སུབ་གཏོང་གི་འདུག ནད་པའི་གྲངས་ཐོ་སོགས་གཞུང་འབྲེལ་གྱི་གནས་ཚུལ་རྣམས་བདེན་པ་རྩ་ནས་རེད་མི་འདུག དང་ཐོག་ངས་ཡིད་ཆེས་བརྟན་པོས་དྭང་བླངས་ཞབས་ཞུ་བྱས་པ་ཡིན། གང་མགྱོགས་ནད་ཡམས་ལས་རྒྱལ་ཐུབ་པའི་རེ་བ་བྱས་པ་ཡིན། ཡིན་ན་ཡང་། གོང་རིམ་གྱི་འགོ་ཁྲིད་ཚོས་ལས་ཀ་བྱེད་སྟངས་དེས་ང་ཚོར་འཇིགས་སྣང་སྟེར་བྱུང་། ད་དུང་དེ་ལས་ལྷག་གི་གནས་ཚུལ་ཛ་དྲག་ཅན་མང་པོ་ཞིག་ངས་བརྗོད་ཐབས་བྲལ་བ་རེད་འདུག ཐུགས་རྗེ་གཟིགས། ལྷ་སའི་རིམས་ནད་ལ་ཐུགས་ཁུར་མང་ཙམ་གནང་རོགས།”ཞེས་བྲིས་འདུག ཡང་དྲྭ་དམངས་གཞན་ཞིག་གིས་“ངས་རང་གི་རིགས་གཅིག་སྤུན་ཟླ་ཚོས་འདི་ལྟར་སྡུག་བསྔལ་མྱོང་བཞིན་པ་མཐོང་དུས་དངོས་གནས་སེམས་ལ་ན་ཟུག་ཆེན་པོ་འབྱུང་གི་འདུག བོད་ཀྱི་ནད་ཡམས་ཀྱི་གནས་ཚུལ་འདི་ཉིད་མི་མང་པོ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་འདང་ལ་རི་བོ་བརྒལ་ཐུབ་པའི་སྨོན་འདུན་ཞུ།”ཞེས་འཁོད་འདུག

གཞན་ཡང་བོད་ནང་གི་བོད་མི་ཁག་ཅིག་གིས་བོད་ཀྱི་ས་ཁུལ་གཞན་ནས་ཡོང་པའི་བོད་མི་ཚོས་ལྷ་ས་ལ་མགྲོན་ཁང་གླ་ནས་བསྡོད་དགོས་ཀྱི་ཡོད་པ་དང་། ཟླ་བ་གཅིག་གི་རིང་ལ་ཁང་གླ་རྒྱ་སྒོར་ཁྲི་གཅིག་ལྷག་སྤྲད་དགོས་ཀྱི་ཡོད་རབས་བརྗོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply