བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་༦་ཅན་ཞིག་སྤྱི་མོས་གཏན་འབེབས་གནང་སོང་།
ཟླ་འདིའི་ཚེས་༢༩ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་སོང་།

བགྲོ་གླེང་སྐབས་སྤྱི་འཐུས་༣༣ གྱིས་ཆ་ཤས་བླངས་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་རེ་བ་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བསྒྲུབ་ཐུབ་ན་གདུང་སེམས་མཉམ་སྐྱེད་ངོ་མ་དེ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར། བཙན་བྱོལ་དུ་བོད་དོན་འཐབ་རྩོད་ལས་ནང་ཁུལ་འཐབ་རྩོད་སྒང་ཚོར་ཤུགས་ཆེ་རུ་འགྲོ་བཞིན་པས་ཆིག་སྒྲིལ་དང་། ནུས་པ་མཉམ་སྤུངས་དགོས་གལ་ཆེ་བ། ལྷག་པར་དུ་སྲིད་སྤྱི་གང་རུང་གིས་ལོ་རྒྱུས་དང་འཐབ་རྩོད་ཀྱི་གནས་བབ་བཤད་སྐབས་ཐུགས་གཟབ་དགོས་པ། ༧གོང་ས་མཆོག་གིས་རེ་བ་ཡག་ས་དང་གྲ་སྒྲིག་སྡུག་ས་ནས་གྱིས་གསུངས་པ་ལྟར། བོད་རང་བཙན་ཕར་ག་འདྲ་ཤོར་བ་དེ་འདྲ་ཚུར་ལེན་དགོས་པ། གློ་དམག་སྒར་དང་དམག་སྒར་ཨང་༢༢ པ་དེ་ཚོ་གང་འདྲ་བསྐྱར་གསོ་བྱེད་དགོས་མིན་གྲ་སྒྲིག་བྱེད་དགོས་པ། མི་གཞན་པས་མཚོན་ཆ་དང་དཔལ་འབྱོར་སྤྲོད་ཀྱི་ཡོད་ཀྱང་། དམག་དེ་ང་ཚོས་རྒྱག་དགོས་པས་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་པ་སོགས། དེ་སྔོན་དིང་རིའི་ས་ཡོམ་སྐབས་སུ་བོད་ནང་གི་མི་ཚོའི་ཆིག་སྒྲིལ་དཔེ་མཚོན་གྱིས། ཚང་མས་ནང་ཁུལ་ཆིག་སྒྲིལ་གལ་ཆེ་ཚུལ་སོགས་དགོངས་ཚུལ་གསུངས་སོང་།
དེ་བཞིན་གྲོས་ཚོགས་སུ་བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་༦ ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་ནི།
༡) རྒྱ་ནག་དམར་གཞུང་གིས་བོད་ས་ཧམ་བཟུང་བྱས་ནས་ད་བར་བོད་མི་རྣམས་ལ་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་ནས་སླར་ཡང་བོད་གངས་ཅན་ལྗོངས་སུ་སྐྱེས་ཤིང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རྨད་བྱུང་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ།
༢) རྒྱ་ནག་དམར་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་སྔར་ལས་མང་བ་ཆེད་འཛུགས་བྱས་ཏེ་བོད་ཀྱི་བྱིས་པ་རྣམས་རང་གི་ཕ་མ་དང་སྤྱི་ཚོགས། སྐད་ཡིག་རིག་གཞུང་དང་བཅས་པ་ཁ་བྲལ་དུ་གཏོང་བཞིན་པའི་རྒྱ་སྒྱུར་གྱི་སྲིད་བྱུས་དང་། དགོན་སྡེ་ཁག་གི་ནང་དུ་ལོ་ཚད་བཀག་བཟོས་ཏེ་ལོ་ཆུང་གྲྭ་བཙུན་བརྒྱ་ཕྲག་མང་པོ་དགོན་པ་ནས་ཕྱིར་འབུད་གཏོང་དགོས་པའི་བཙན་བཀའ་བཏང་། སྒེར་གཉེར་སློབ་གྲྭ་སོགས་བཙན་གྱིས་སྒོ་རྒྱག་དགོས་བྱུང་བ། མཐོ་རིམ་ཡིག་རྒྱུགས་ཀྱི་ནང་བོད་ཡིག་གཏོང་རྒྱུ་མེད་པ་བཟོས་པ། ཐ་ན་འདར་དབྱངས་(Tik Tok) སོགས་དྲ་ལམ་ཁག་ནང་བོད་སྐད་བཤད་མི་ཆོག་པ་སོགས་ཁྲིམས་མེད་ལུགས་མེད་ཐོག་ནས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་རང་དབང་སྤྲོད་དགོས་པའི་ནན་བརྗོད་བྱ་རྒྱུ།
༧ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་གིས་གཙོས་རྒྱ་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས། ཁོང་རྣམ་པའི་ཚེ་སྲོག་ལ་འགན་ཁུར་བའི་ཐོག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས།
༤) ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་བཞིན། རྒྱ་ཕྱོགས་ནས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་གི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད་པ་ནན་བརྗོད་བྱ་རྒྱུ།
༥)རྒྱ་ནག་དམར་གཞུང་གིས་བོད་མདོ་དབུས་ཁམས་གསུམ་ནང་དུ་གཏེར་ཁ་སྔོག་འདོན་དང་། ནགས་ཚལ་གཅོད་འབྲེག་གཙང་ཆུ་བཀག་སྐྱིལ་སོགས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་བོད་ནང་ས་ཡོམ་དང་། ཆུ་ལོག་སོགས་འབྱུང་བའི་གནོད་འཚེ་རྒྱ་ཆེར་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། ཉེ་ཆར་ཕྱི་ལོ་༢༠༢༥ ཟླ་༡ ཚེས་༧ ཉིན་བོད་ཀྱི་ལ་སྟོད་དིང་རི་གཙོས་ས་གནས་འགའ་ལ་ས་ཡོམ་ཤུགས་ཚད་རིམ་པ་༧།༡ བརྒྱབ་སྟེ་བོད་མི་མང་པོ་ཞིག་དུས་མིན་རྐྱེན་འདས་སུ་ཕྱིན་པ་དང་། རྨས་སྐྱོན་ཕོག་པ། དེ་བཞིན་གཞིས་ཁྱིམ་སོགས་གཏོར་བཤིག་ཚབས་ཆེན་བྱུང་བར་བློ་ཕམ་ཚད་མེད་བྱུང་བ་དང་། རྐྱེན་འདས་སུ་གྱུར་པ་རྣམས་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་། དེ་བཞིན་གཞུང་སྒེར་ཚང་མས་མཆོད་འབུལ་སྨོན་ལམ་གང་ཐུབ་ཞུས་དང་ཞུ་བཞིན་ཡོད་པས་རྐྱེན་འདས་སུ་ཕྱིན་པ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བ་དང་། རྨས་སྐྱོན་ཕོག་པ་རྣམས་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་དང་སྦྲགས། རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
༦) རྒྱ་ནག་དམར་གཞུང་གིས་བོད་ས་ཧམ་བཟུང་བྱས་པ་ནས་བཟུང་ད་བར་རྒྱ་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་བཙན་གནོན་འོག་གཞིས་ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་བོད་དོན་དྲིལ་བསྒྲགས་དང་སྲིད་གཞུང་ཁག་ལ་ཞུ་གཏུག་ལས་འགུལ་སོགས་ཀྱི་ཐོག་སྔར་ལྷག་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་སོགས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།