བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་སྐོར་ཞིབ་འཇུག་གི་སྙན་ཐོ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། འདས་ལོ་༢༠༡༥ ལོར་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྱིའི་གནས་བབ་སྡུག་ཏུ་སོང་ཡོད་པའི་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག།
དེ་ཡང་ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་སྐོར་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་གནང་སྲོལ་ཡོད་པ་ལྟར། ཟླ་འདི་ཚེས་༡༩ཉིན་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་ཀྱིས་༢༠༡༥ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་ཚོ་མོས། ད་ལྟ་བར་ཞིབ་འཇུག་བྱས་པ་བརྒྱུད། བོད་ནང་ཆབ་སྲིད་བཙོན་པའི་གྲངས་འབོར་༢༠༨༡དང་། དེའི་ཁྲོད་གྲྭ་བཙུན་ཆབ་སྲིད་བཙོན་པ་༩༦༧ཡོད་པ་ཤེས་རྟོགས་ར་སྤྲོད་བྱུང་ཡོད་པ་ དང་། ཕྱི་ལོ་ ༢༠༡༥ལོ་གཅིག་པོར་རྒྱ་ནག་གཞུང་ནས་འཛིན་བཟུང་བྱས་ཏེ་ཁྲིམས་བཅད་ཕོགས་པའི་བོད་མི་ཆབ་སྲིད་བཙོན་པ་༦༨ཆགས་ཡོད་པ་གསལ་འདོན་བྱས་པ་དང་།
ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་གྱིས། ལྟེ་གནས་ཁང་གིས་ངོས་འཛིན་ལྟར་ན། ད་བར་བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་མཁན་མི་གྲངས་༡༤༣ བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༤ཟླ་༩ནས་༢༠༡༥བར་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་༡༢ བྱུང་ཡོད་པ་དང་། ༢༠༡༥ལོའི་ནང་མི་གྲངས་༧ བྱུང་ཡོད་སྐོར་གསུངས་འདུག
གོང་གསལ་སྙན་ཐོ་ནང་ཆོས་དད་རང་དབང་དང་། མི་སྒེར་གྱི་རང་དབང་། རང་བྱུང་ཁོར་ཡུག་གི་གནས་སྟངས། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་གནད་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་སྟངས་བཅས་སྡེ་ཚན་ལྔ་རུ་དབྱེ་ཡོད་པ་རེད།
དང་པོ་ཆོས་དད་རང་དབང་དམིགས་བསལ་འབུར་དུ་འདོན་དགོས་པའི་རྒྱུ་མཚན་གཙོ་བོ། རྒྱ་གཞུང་གིས་ད་ལོར་དམིགས་བསལ་ཁྲིམས་གཞིའི་ངོས་ནས་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། བཀག་སྡོམ་བྱེད་ཡུལ་གཙོ་བོ་དེ་ཡང་དགོན་པ་བྱེ་བྲག་དང་མི་སྒེར་བྱེ་བྲག་ཙམ་མ་ ཟད། དེའི་གནས་དོན་རེ་རེ་བཞིན་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཕྱིར་འཕུད་བཏང་བའི་གྲྭ་བཙུན་ཞིག་ལ་ཆ་བཞག་ན། གྲྭ་བཙུན་དེ་ཕྱིར་བཏང་ཡང་ད་དུང་ཁ་ལ་མ་ཉན་པ་ཡིན་ན། ཁོའི་དགོན་པ་དང་བླ་མ། ཕ་མ་དང་སྡེ་དཔོན། དེ་བཞིན། ས་གནས་ལས་བྱེད་སོགས་ཚང་མར་ཆད་པ་གཅོད་ཀྱི་ཡོད་པ་ལྟར། ཁྲིམས་ཀྱི་ངོ་བོའི་ཐོག་ནས་བཀག་སྡོམ་བྱེད་ཀྱི་ཡོད་པའི་ཛ་དྲག་གི་གནས་སྟངས་ ཤིག་ཆགས་འདུག
གཉིས་པ་མི་སྒེར་གྱི་རང་དབང་ཐད། རྒྱ་ནག་གཞུང་གིས་མ་སྒེར་གྱི་དྲ་རྒྱ་དང་ཁ་པར། སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ཚོད་འཛིན་བྱས་ཏེ། མི་སྒེར་གྱི་གསང་བ་བཙན་འཁྱེར་དང་། མི་སྒེར་འཛིན་བཟུང་དང་ཁྲིམས་ཆད་གཅོད་ཀྱི་ཡོད་པ་རེད། དེར་མ་ཟད་དྲ་རྒྱ་བཟོ་མཁན་དང་གཉེར་མཁན་ཚོར་གནོན་ཤུགས་སྤྲད་དེ། དྲ་རྒྱའི་གསང་ཨང་ཡིན་གཅིག་མིན་གཉིས་རྒྱ་ནག་གཞུང་ལ་སྤྲོད་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་པ་རེད། མི་སྒེར་གྱི་དྲ་རྒྱའི་གསང་ཨང་སྤྲད་པ་ཡིན་ན། བརྒྱུད་ལམ་ཁག་ཏུ་མི་སྒེར་གྱི་སྐད་ཆ་ག་རེ་བཤད་ཀྱི་ཡོད་པ་ཚང་མ་ཁོ་ཚོས་སྔོག་བཤེར་དང་ལྐོག་ཉན་ཐུབ་ཀྱི་ཡོད་པ་རེད།
གསུམ་པ་རང་བྱུང་ཁོར་ཡུག་གི་གནས་སྟངས་ཐད། རྒྱ་ནག་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་དང་བོད་ནང་འཛུགས་སྐྲུན་སོགས་ཁ་ལ་ཁྱེར་ནས་བོད་ནང་གི་རང་བྱུང་གཏེར་ཁ་སྔོག་འདོན་བྱེད་པ་དང་། ཡང་ཕྱོགས་གཅིག་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས། བོད་ཁུལ་གྱི་འབྲོག་སྡེ་ཁག་གནས་སྤོར་དུ་བཅུག་སྟེ་འབྲོག་པའི་རྩྭ་ཐང་འཕྲོག་པ་དང་ཞིང་པའི་ས་ཞིང་འཕྲོག་གི་ཡོད་པའི་རྐྱེན་གྱིས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་ལ་དཀའ་སྡུག་འབྱུང་མུས་ཡིན།
བཞི་པ་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་ངོས་ཐད་ནས། མི་སྒེར་གྱི་ཐོབ་ཐང་གི་གནད་དོན་ལ་ཐུག་ཡོད་དུས། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་གཞི་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། དེ་རྒྱ་ནག་གཞུང་གིས་ཀྱང་ངོས་ལེན་བྱས་ཡོད་པ་ལྟར། ང་ཚོས་དེའི་སྐོར་ཡང་སྙན་ཐོའི་ནང་ཞིབ་ཅིང་རྒྱས་པར་འགྲེལ་བརྗོད་བྱས་ཡོད།
ལྔ་པ་རྒྱལ་སྤྱིའི་ཚོགས་ཀྱི་གནང་སྟངས་ཐད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དང་ཕྱིའི་སྤྱི་ཚོགས་ནང་དུའང་ཕྱི་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་ངོ་རྒོལ་སྐད་འབོད་སྐབས་སུ་སྲིད་གཞུང་ཁག་ཅིག་གིས་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་བོད་མི་དང་བོད་དོན་ལས་འགུལ་བ་ཚོ་འཛིན་བཟུང་དང་བཀག་བསྐྱིལ་བྱེད་བཞིན་པའི་སྐོར་བཏོན་ཡོད་སྐོར་སོགས་འཁོད་འདུག
ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས། གསར་འགོད་ལྷན་ཚོགས་ཐོག་སྙན་ཐོ་འདོན་སྤེལ་གནང་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་བོད་ནང་ཆོས་དད་རང་དབང་གི་གནས་སྟངས་དེ་ཆེས་ཇེ་སྡུག་དང་། ཛ་དྲག་གི་གནས་བབས་སུ་སླེབས་ཡོད་པ་དང་། དེ་ཡང་༢༠༡༥ལོར། རྒྱ་ནག་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་དམ་དྲག་གི་ཁྲིམས་སྒྲིག་མང་པོ་བཟོས་སྟེ། བོད་མིའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས། སྐད་ཡིག་སོགས་རྩ་བརླག་དུ་འགྲོ་ཉེན་ཆེ་བའི་གནས་སྟངས་སུ་ལྷུང་ཡོད་པ་གསལ་འདོན་བྱས་འདུག
འགྲོ་བ་མིའི་ཐོབ་ལྟེ་གནས་ཁང་གིས་སྙན་ཐོ་དེ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་སྐད་ཡིག་གསུམ་གྱི་ཐོག་འདོན་སྤེལ་བྱས་འདུག།
གསར་འགོད་པ་ངག་དབང་ཐར་པ།