བོད་ནང་གློག་ཁང་ཆེ་ཤོས་དེ་གསར་རྒྱག་བྱས་ཚེ་རྒྱ་གར་དང་བྷང་ལ་དྷེ་ཤེའི་བདེ་འཇགས་ལ་ཉེན་ཁ་ཡོད་པར་བརྗོད།

རྒྱ་ནག་གཞུང་གིས་བོད་ནང་གི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ཏུ་སྔར་མེད་པའི་གློག་ཁང་ཆེ་ཤོས་དེ་གསར་རྒྱག་བྱེད་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་པར་བརྟེན། ད་ཆར་རྒྱ་གར་བྱང་ཤར་ཁུལ་དང་། བྷང་ལ་དྷེ་ཤེའི་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པའི་སྐོར་གླེང་སློང་རིམ་པ་འབྱུང་བཞིན་ཡོད་འདུག

ཕྱི་ཚེས་༩ ཉིན་(the Telegraph online)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནས་ཡིན་པའི་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་(Tapir Gao)ཡིས། ཁ་སང་ཚེས་༩ ཉིན་རྒྱ་གར་བྱང་ཤར་(Guwahati)ལ་འཚོགས་པའི་ཧི་མ་ལ་ཡའི་བདེ་འཇགས་དང་། སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ། གོད་ཆག་ལ་གདོང་ལེན་ཞེས་པའི་ཚོགས་འདུའི་ཐོག་ཏུ། རྒྱ་ནག་གིས་བོད་ནང་གློག་ཁང་གསར་པའི་ཆེད་དུ་ཆུ་མཛོད་གསར་རྒྱག་བྱེད་འཆར་ཡོད་པ་དེ་ནི་རྒྱ་གར་དང་བྷང་ལ་དྷེ་ཤེའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པ་དང་། ཕྱི་ལོ་༢༠༠༠ ལོར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡར་ཀླུང་གཙང་པོའི་ཆུ་ལོག་ཆེན་པོ་ཞིག་བརྒྱབ་པའི་རྐྱེན་གྱིས་ཟམ་པ་༡༠ ལྷག་གཏོར་རྒོལ་བྱུང་ཡོད་པས། མ་འོངས་པར་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་བྱེད་འཆར་ཡོད་པའི་ཆུ་མཛོད་དེའི་ཆུ་རྣམས་གློ་བུར་དུ་གློད་ཚེ་གཤམ་དུ་ཡོད་པའི་ཨ་རུ་ན་ཅལ་དང་། ཨ་སམ་མངའ་སྡེ། བྷང་ལ་དྷེ་ཤེ། གཞན་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཆགས་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གར་གཞུང་གི་ངོས་ནས་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་(Siang river)ཆུ་བོའི་ཐོག་ཏུ་གློག་ཁང་དང་ཆུ་མཛོད་གསར་རྒྱག་བྱེད་ཐུབ་ཚེ་མ་འོངས་པར་རྒྱ་ནག་གིས་གློ་བུར་དུ་ཆུ་གློད་ཀྱང་། འགོག་རྒོལ་བྱེད་ཐུབ་རྒྱུ་ཡིན་པར་བརྗོད་འདུག རྒྱ་ནག་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་གསར་རྒྱག་བྱས་ཚེ་གཤམ་དུ་ཡོད་པའི་རྒྱལ་ཁབ་ཚོའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་གཅིག་པུ་མ་ཡིན་པར། ཆུ་བོ་དེ་དག་གི་གཤམ་དུ་ཡོད་པའི་རྒྱ་གར་གྱི་མངའ་སྡེ་དེ་དག་རྒྱ་ནག་གཞུང་ལ་བརྟེན་དགོས་པ་ཆགས་རྒྱུ་ཡིན་ཞིང་། ཞིང་པ་དང་ཉ་པ་ཚོའི་འཚོ་བ་ལ་ཡང་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པར་བརྟེན། རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་བྱས་ནས་དཀའ་ངལ་དེ་དག་སེལ་ཐབས་སྔར་ལས་ལྷག་པའི་འབད་རྩོན་བྱེད་དགོས་པར་བརྗོད་འདུག 

ལོ་སྔོན་མའི་ཕྱི་ཟླ་༡༢ ནང་རྒྱ་ནག་གཞུང་ནས་བོད་ནང་ཆུ་མཛོད་ཆེ་ཤོས་དེ་གསར་རྒྱག་བྱེད་རྒྱུའི་ཆོག་མཆན་སྤྲད་ཡོད་ཅིང་། ཆུ་མཛོད་ལ་ཁྱོན་ཨ་སྒོར་ཐེར་འབུམ་༡༣༧ ཙམ་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། ཆུ་མཛོད་དེ་བོད་ནང་མེ་ཏོག་རྫོང་གི་ས་ཁུལ་དུ་ཡར་ཀླུང་གཙང་པོའི་ཀྱོག་མཚམས་སུ་གསར་རྒྱག་བྱེད་རྒྱུ་ཡིན་འདུག 

སི་ཝེ་ཌིན་ནས་ཡིན་པའི་ཨེ་ཤེ་ཡའི་ཆབ་སྲིད་དང་ལོ་རྒྱུས་ཐོག་ཉམས་ཞིབ་བྱེད་མཁན། གསར་འགོད་པ་དང་རྩོམ་པ་པོ་ད་ལྟ་ཐེ་ལན་ཌིའི་ནང་གནས་སྡོད་པ།(Bertil Linter)ཟེར་བ་ཁོང་གིས་རྒྱ་ནག་གིས་ཕྱི་ལོ་༡༩༥༠ ཙམ་གྱི་ནང་བོད་ལ་བཙན་འཛུལ་བྱེད་དུས་གཙོ་བོ་དམིགས་ཡུལ་གཅིག་ནི་བོད་ཀྱི་ཆུ་བོ་དེ་དག་གི་ཐོན་ཁུངས་ལ་དམིགས་ཡོད་པ་དང་། དཔེར་ན། བོད་ནང་དུ་ཡོད་པའི་རྫ་ཆུའི་ཆུ་བོའི་ཐོག་ཏུ་ད་བར་ཁྱོན་ཆུ་མཛོད་ཆེ་འབྲིང་ཆུང་གསུམ་༡༡ ཙམ་གསར་རྒྱག་བྱས་ཡོད་པར་བརྗོད་འདུག་པ་དང་། དེ་བཞིན་ད་བར་རྒྱ་དཀར་ནག་གཉིས་བར་ཆུ་བོ་བགོ་འགྲེམས་ཀྱི་ཐོག་གྲོས་མཐུན་འཇོག་མྱོང་མེད་ཅིང་། མ་འོངས་པར་གྲོས་མཐུན་འཇོག་མ་ཐུབ་ཚེ་རྒྱལ་ཁབ་གཉིས་བར་རྩོད་རྙོག་ཆེན་པོ་ཡོང་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག ཚོགས་འདུ་དེའི་ཐོག་ཏུ་བལ་ཡུལ་དང་། འབྲུག ཝེ་ཏི་ནམ་བཅས་ཀྱི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོའི་ཁོར་ཡུག་སྐོར་ཉམས་ཞིབ་པ་དང་། མཁས་པ་མང་པོ་འཛོམས་ཡོད་འདུག་ལ། སྐབས་དེ་དུས་མཁས་པ་མང་པོས་ད་ཆར་རྒྱ་ནག་གིས་བོད་ཀྱི་ཆུ་བོ་དེ་དག་གི་ཁ་ཕྱོགས་སྒྱུར་ཐབས་བྱེད་ཀྱི་ཡོད་པ་དང་། དཔེར་ན། ཡར་ཀླུང་གཙང་པོ་དེ་བོད་ཀྱི་ཆུ་བོ་རྨ་ཆུའི་ནང་ཁ་ཕྱོགས་སྒྱུར་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག 

གཞན་མཁས་པ་ཚོས་མ་འོངས་པར་མི་མང་གི་ཚོགས་སྡེ་ཁག་དང་། ཁོར་ཡུག་སྲུང་སྐྱོབ་ཚོགས་པ། ཤེས་ཡོན་ལྟེ་གནས་ཁང་སོགས་ཀྱིས་ཚན་རིག་དང་མཐུན་པའི་ཐོག་ནས་ཉམས་ཞིབ་བྱས་ནས་གྲུབ་དོན་འདོན་དགོས་པ་དང་། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་ཐབས་བྱེད་དགོས་པར་བརྗོད་འདུག དེ་ཡང་རྒྱ་གར་དབུས་གཞུང་གིས་སྣེ་ཁྲིད་དེ་རྒྱ་ནག་གིས་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་གསར་རྒྱག་བྱེད་འཆར་ཡོད་པ་དེ་འགོག་རྒོལ་བྱེད་དགོས་པ་ཚོགས་བཅར་བ་ཚོས་ཁ་གཅིག་གྲགས་ཐོག་ནས་བརྗོད་འདུག  ཚོགས་འདུ་དེ་ནི་(the think-tank ‘Asian Confluence)ཟེར་བས་གོང་གསལ་རྒྱལ་ཁབ་དེ་དག་གི་གཞུང་འབྲེལ་ཐོག་ནས་གོ་སྒྲིག་བྱས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།