བོད་ནང་དུ་ཡོད་པའི་བོད་མི་དྲྭ་ཐོག་ཏུ་སྐད་གྲགས་ཡོད་མཁན་འགའ་ཤས་འཛིན་བཟུང་བྱས་འདུག
བོད་ནང་དྲྭ་ཐོག་ཏུ་སྐད་གྲགས་ཆེན་པོ་ཡོད་པའི་བོད་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་འདུག་ལ། བོད་མི་དྲྭ་གྲགས་དེ་ཚོ་ནི་རྒྱུན་དུ་བོད་ནང་གི་མི་གཞན་ལ་རོགས་རམ་བྱེད་མཁན་དང་། དྲྭ་ཐོག་ནས་ཚོང་གི་ལས་དོན་སྒྲུབ་མཁན། མི་མང་ཁྲོད་སྐད་གྲགས་ཡོད་མཁན་རྐྱང་རྐྱང་ཡིན་འདུག
ཕྱི་ཚེས་༡༦ ཉིན་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་དང་བོད་ནང་དུ་ཡོད་པའི་འདར་དབྱངས་སོགས་སྤྱི་ཚོགས་དྲྭ་ཐོག་ཏུ་བཀོད་པའི་གནས་ཚུལ་ལ་གཞིགས་ན། བོད་ནང་དུ་ཡོད་པའི་བོད་མི་དྲྭ་ཐོག་ཏུ་སྐད་གྲགས་ཡོད་པའི་བོད་མི་འགའ་ཤས་རྒྱ་ནག་གཞུང་གིས་ཉེས་མིང་འདྲ་མིན་གཡོགས་ནས་འཛིན་བཟུང་བྱས་ཡོད་འདུག དེ་དག་གི་ཁོངས་ནས་བོད་མི་བསོད་ནམས་ཆོས་འགྲུབ་བམ་དྲྭ་མིང་ལ་ཨ་དགའ་དགེ་ལེགས་སོགས་བོད་པའི་མི་འགའ་ཤས་འཛིན་བཟུང་བྱས་ཡོད་འདུག་པ་དང་། བོད་མི་བསོད་ནམས་ཆོས་འགྲུབ་ནི་རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་ནང་གི་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གནང་ཐང་ཡུལ་ཚོའི་བོང་སྟག་སྡེ་བ་ནས་ཡིན་འདུག ཁོང་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་ཆར་བཀག་ཉར་འོག་འདྲི་རྩད་བྱེད་བཞིན་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་བོད་མི་བསོད་ནམས་ཆོས་འགྲུབ་ཀྱིས་ལོ་ཤས་སྔོན་ཁྲིམས་འགལ་གྱི་བརྐུ་ཚོང་དང་། འཕྲོག་བཅོམ་སོགས་ཀྱི་ནག་ཉེས་བསགས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་བཞིན་ཡོད་ན་ཡང་། ཁྲིམས་འགལ་རིགས་དང་བརྐུ་འཕྲོག་གང་འདྲ་བྱས་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་དམིགས་བསལ་གང་ཡང་བརྗོད་ཡོད་མི་འདུག བོད་མི་ཚོང་གཉེར་བ་བསོད་ནམས་ཆོས་འགྲུབ་ཟླ་ ༡༢ ཀྱི་ཚེས་འགོར། གློ་བུར་དུ་རྒྱ་ནག་གི་གཞུང་འབྲེལ་མི་སྣས་ཟི་ལིང་གནམ་ཐང་དུ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ནི་སྤྱི་ཚོགས་དྲ་ལམ་བེད་སྤྱོད་ཀྱིས་ཚོང་ལས་འགོ་བཙུགས་ཏེ། ད་ལྟའི་ཆར་བོད་ནང་གི་དྲ་ལམ་ཚོང་དཔོན་དང་། འབྱོར་ལྡན་པ་ཞིག་ཆགས་ཡོད་པ་མ་ཟད། ཁོང་གིས་ཕྱི་ལོ་ ༢༠༢༢ ཙམ་ནས་བཟུང་བོད་ནང་གི་དབང་བོ་སྐྱོན་ཅན་སློབ་གྲྭ་དང་། རྒན་གསོ་ཁང་། ཁྱིམ་ཚང་དབུལ་པོ་སོགས་ལ་རྒྱ་སྒོར་ཁྲི་ཚོ་མང་པོས་རོགས་སྐྱོར་བྱས་ཏེ། བོད་ནང་དུ་དྲྭ་ལམ་ཚོང་ལས་གཉེར་མཁན་ཚོའི་ཁྲོད་ནས་སྐད་གྲགས་ཆེ་ཤོས་ཤིག་དང་རོགས་སྐྱོར་ཕོན་ཆེན་གཏོང་མཁན་ཞིག་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༤ ནས་བཟུང་ཁོང་དང་བོད་ནང་གི་དྲ་ལམ་ཚོང་གཉེར་བ་མི་གཉིས་མཉམ་འབྲེལ་ངང་བོད་ནང་གི་ས་ཁུལ་གང་སར། བོད་ཐུག་གི་ཟ་ཁང་མང་པོ་སྒོ་ཕྱེས་ཏེ་ཚོང་གཉེར་མགོ་ཚུགས་ཡོད་འདུག ཉེ་ཆར་བོད་མི་བསོད་ནམས་ཆོས་འགྲུབ་དང་གཞན་བོད་མི་ཀུན་བཟང་རྡོ་རྗེ། བཙན་ཐར་རྒྱལ། བཀྲ་ཤིས་བློ་ལྡན་བཅས་ལ་དོགས་པ་ཡོད་ཚུལ་སོགས་བརྗོད་ནས་འཛིན་བཟུང་བྱས་ཡོད་འདུག
བོད་ནང་ད་ཆར་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་ལམ་གཙང་བཟོ་བྱེད་དགོས་ཚུལ་བརྗོད་ནས་དྲྭ་ཐོག་ཏུ་སྐད་གྲགས་ཡོད་པའི་དྲྭ་དཔོན་ནམ་དྲྭ་གྲགས་མི་སྣ་མང་པོ་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་འདུག་ཅིང་། བོད་ནང་དྲྭ་ཐོག་ནས་ཚོང་གི་ལས་དོན་སྒྲུབ་མཁན་མང་པོ་ཡོད་འདུག་པས། ཁོང་ཚོས་དྲྭ་ཐོག་ནས་གནས་ཚུལ་རྒྱ་ཆེན་པོ་ཕྱིར་བསྒྲགས་བྱེད་ཐུབ་ཀྱི་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་ཚོ་ལ་དོ་དམ་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། ཉེས་མིང་འདྲ་མིན་བཏགས་ནས་འཛིན་བཟུང་གང་བྱུང་བྱེད་ཀྱི་ཡོད་འདུག དེ་བཞིན་བོད་མི་ཚོས་དྲྭ་ཐོག་ཏུ་གནས་ཚུལ་གང་སྤེལ་ནའང་ངེས་པར་གཟབ་གཟབ་ཆེན་པོ་བྱེད་དགོས་རྒྱུ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།