བོད་ནང་དུ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ཚོ་ཨ་རིར་ཡོང་རྒྱུའི་མཐོང་མཆན་བཀག་འགོག་བྱེད་རྒྱུ་ཡིན་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་ཕྱི་རྒྱལ་གྱི་གསར་འགོད་པ་དང་། ཡུལ་སྐོར་སྤྲོ་འཁྱམ་པ་སོགས་བོད་ལ་ཡོང་རྒྱུར་བཀག་འགོག་བྱེད་མཁན་བོད་ནང་དུ་ཡོད་པའི་རྒྱ་རིགས་འགོ་ཁྲིད་ཚོ་ཨ་རིའི་ནང་ཡོང་རྒྱུའི་མཐོང་མཆན་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་འདུག

ཕྱི་ཚེས་༣༡ གཟའ་ཟླ་བའི་ཉིན་(AOL)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio)མར་ཁོ་རུ་བྷི་ཡིས། ཨ་རིའི་ངོས་ནས་བོད་ནང་དུ་ཕྱི་རྒྱལ་གྱི་གསར་འགོད་པ་དང་། ཡུལ་སྤྲོ་འཁྱམ་པ་སོགས་ཕར་འགྲོ་ཚུར་འོང་བྱེད་མི་འཇུག་མཁན་བོད་ནང་གི་རྒྱ་རིགས་འགོ་ཁྲིད་ཚོ་ཨ་རིར་ཡོང་རྒྱུའི་མཐོང་མཆན་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། དེ་བཞིན་ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་ཨ་རི་དང་རྒྱལ་ཁབ་གཞན་གྱི་གསར་འགོད་པ་དང་། རྒྱལ་སྤྱིའི་ཉམས་ཞིབ་པ་སོགས་བོད་རང་ལྗོངས་ཟེར་བ་དེའི་ནང་དང་གཞན་ཡང་བོད་པ་གནས་སྡོད་བྱེད་ཡུལ་ས་ཁུལ་གཞན་གྱི་ནང་ལ་རྟོག་ཞིབ་དང་། རྒྱུན་ལོན་བྱེད་ཆེད་དུ་ཡོང་འཇུག་གི་མེད་པས། ཨ་རིའི་གཞུང་གི་ངོས་ནས་ཨ་རིའི་མི་སེར་ཚོ་བོད་ལ་ཕར་འགྲོ་ཚུར་འོང་བྱེད་རྒྱུའི་ཐད་རོགས་རམ་བྱེད་ཐུབ་ཀྱི་མེད། འོན་ཀྱང་། རྒྱ་ནག་གི་གསར་འགོད་པ་ཚོས་ཨ་རིའི་ནང་དུ་རང་དབང་ཆ་ཚང་ལོངས་སྤྱོད་བྱེད་ཀྱི་ཡོད། དེ་འདྲ་བྱས་ན་འདྲ་བོ་མ་རེད་ལ། ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས་བརྗོད་འདུག་པ་དང་། ཁོང་གིས་བོད་ནང་དུ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་སུ་དང་སུའི་མཐོང་མཆན་བཀག་འགོག་བྱེད་ཀྱི་ཡིན་མིན་མིང་འབོད་བྱས་ཡོད་མི་འདུག གཞན་ཡང་ཁོང་གིས་རྒྱ་ནག་གི་ངོས་ནས་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་གཞན་རྣམས་བོད་ལ་ཡོང་རྒྱུར་བཀག་འགོག་བྱེད་བཞིན་པ་དག བོད་ལ་ངེས་པར་དུ་གཏོང་དགོས་པའི་ནན་སྐུལ་བྱས་ཡོད་འདུག 

ཕྱི་སྲིད་བློན་ཆེན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་གནད་དོན་དེ་དག་གི་སྐོར་གསལ་བསྒྲགས་བྱས་འདུག་པ་དང་། དེའི་ནང་དུ་ཁོང་གིས་ཕྱི་ལོ་༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་ཡིག་ཅིག་ལག་བསྟར་གྱི་འོག་ནས། བོད་ཀྱི་ས་ཁུལ་ཁག་ནང་དུ་ཕྱི་མི་བསྐྱོད་རྒྱུར་དམ་དྲག་གི་སྲིད་བྱུས་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་ཚོ་ལ་ཨ་རིའི་མཐོང་མཆན་སྤྲོད་རྒྱུར་བཀག་འགོག་དང་དམ་དྲག་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་ནག་གི་གསར་འགོད་པ་དང་དཔོན་རིགས་ཚོ་རང་དབང་ཆ་ཚང་ཡོད་པའི་ཐོག་ནས་ཨ་རིའི་ནང་འགྲོ་བསྐྱོད་བྱེད་ཀྱི་ཡོད་པར་བརྟེན། མ་འོངས་པར་ཨ་རིའི་མི་སེར་གཙོས་པའི་མི་སེར་གཞན་རྣམས་བོད་ལ་འདྲ་མཉམ་ཐོག་ནས་འགྲོ་འཇུག་དགོས་པར་བརྗོད་འདུག 

ཕྱི་ལོ་༢༠༡༨ ལོར་གཏན་འབེབས་བྱས་པའི་(Reciprocal Access To Tibet Act)བོད་ནང་ཕར་འགྲོ་ཚུར་འོང་གི་རང་དབང་འདྲ་མཉམ་དགོས་པའི་བོད་དོན་ཁྲིམས་འཆར་དེ་བསྐྱར་དུ་གཏན་འབེབས་ཀྱིས་ལོ་ལྔའི་རིང་ཕར་འགྱངས་བྱས་ཡོད་འདུག་ལ། ཨ་རིའི་ལོ་རེའི་རྒྱལ་སྲུང་སྙན་ཐོའི་ནང་དུ་བོད་ནང་གི་གནས་སྟངས་སྐོར་ངེས་པར་དུ་འགོད་དགོས་པ་དང་། དེ་སྔོན་ཨ་རྒྱ་གཉིས་བར་འབྲེལ་ལམ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས་བོད་ནང་གི་གནས་སྟངས་སྐོར་རྒྱུན་ལོན་བྱེད་རྒྱུའི་བརྒྱུད་ལམ་གཙོ་བོ་ནི་རྒྱ་ནག་གི་ཁྲི་འདུའི་ས་ཆར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དེ་ཡིན་འདུག་ཀྱང་། གཞུང་ཚབ་ཁང་དེ་རྒྱ་ནག་གིས་སྒོ་རྒྱག་བཅུག་ཡོད་པས། དེའི་སྐོར་སྙན་ཐོ་འདོན་དགོས་པ་བཅས་བོད་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་དོན་ཚན་གསུམ་ལ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་གཏན་འབེབས་བྱས་པ་དང་འབྲེལ་ནས། བོད་ནང་གི་ཕར་འགྲོ་ཚུར་འོང་གི་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་འཆར་གྱི་དུས་ཡུན་ལོ་ལྔའི་རིང་འཕར་འགྱངས་བྱས་ཡོད་འདུག 

གསར་འགོག་པ། བསོད་ནམས་ཕུན་ཚོགས།