བོད་ནང་དུ་རྩྭ་ཐང་དང་ནགས་རིར་མེ་སྐྱོན་ཆེན་པོ་འབྱུང་བཞིན་འདུག 

བོད་ནང་དུ་རྩྭ་ཐང་དང་ནགས་རིར་མེ་སྐྱོན་ཆེན་པོ་འབྱུང་བཞིན་ཡོད་འདུག་ཀྱང་རྒྱ་གཞུང་གིས་དེ་དག་བརྒྱུད་ལམ་ཁག་ནང་སྤེལ་རྒྱུར་འགོག་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢་ཉིན་ནས་ཉག་ཆུ་རྫོང་གི་ཤིང་ནགས་སུ་མེ་སྐྱོན་ཆེན་པོ་ཤོར་ཏེ་ཉིན་མང་པོར་མེ་གསོད་མ་ཐུབ་པ་དང་། ཁ་སང་ཉག་ཆུ་རྫོང་གི་སྐད་འཕྲིན་ཐོག་ཏུ་མ་འོངས་ཉིན་གསུམ་རིང་དུ་གནམ་གཤིས་སྐམ་ཤེད་དང་རླུང་བུ་ཆེ་བ་སོགས་ཀྱིས་མི་མང་བདེ་འཇགས་ཐོག་ལ་ཉེན་བརྡ་བཏང་ཡོད་འདུག མི་སྒེར་འཁྱུག་དབྱིངས་མ་གཏོགས་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་མེ་སྐྱོན་དང་འབྲེལ་བའི་བརྙན་སོགས་མཐོང་རྒྱུ་མི་འདུག་ལ། མི་ཚོའི་མཆན་ལྟར་ན་བརྙན་དེ་དག་འཁྱུག་དབྱིངས་དང་སྐད་འཕྲིན་སོགས་ནང་གཏོང་ཆོག་གི་མེད་པས་གཟབ་དགོས་པར་བརྗོད་འདུག དེ་བཞིན་རྔ་བ་ཁུལ་འཛམ་ཐང་རྫོང་གི་རྐ་མདའི་ནགས་སུ་མེ་སྐྱོན་ཆེན་པོ་བྱུང་སྟེ་ཁ་སང་རྒྱ་གཞུང་གི་མེ་གསོད་རུ་ཁག་གིས་མེ་གསོད་ཐུབ་ཡོད་པར་བརྗོད་འདུག་ཀྱང་། མདང་དགོང་རང་དུ་འཁྱུག་དབྱིངས་ནང་ནགས་ལ་མེ་མཆེད་བཞིན་པའི་བརྙན་མང་པོ་མཐོང་རྒྱུ་འདུག་ལ། བརྙན་འོག་གི་མཆན་ནང་དུ་མེ་ད་དུང་གསོད་མ་ཐུབ་པར་སྔར་བཞིན་མཆེད་བཞིན་པས་ཡུལ་མི་ཚོས་སོ་སོའི་བདེ་འཇགས་ལ་གཟབ་གཟབ་གནང་རོགས་ཞེས་འབྲི་བཞིན་འདུག རྒྱ་ནག་གཞུང་གིས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་བྱུང་མེད་པར་བརྗོད་འདུག་ཀྱང་། དོན་དངོས་སུ་རྩྭ་ས་དང་ཤིང་ནགས། དེ་བཞིན་སེམས་ཅན་ཆེ་ཆུང་ཅི་རིགས་མེས་འཚིག་བཞིན་པས་ས་གནས་ཡུལ་མི་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག 

དེ་བཞིན་ཉེ་ཆར་ནག་ཆུ་ཉི་མ་རྫོང་དང་སྦྲ་ཆེན་རྫོང་བཅས་ཀྱི་རྩྭ་ཐང་ལ་མེ་སྐྱོན་ཆེན་པོ་བྱུང་སྟེ། སྦྲ་ཆེན་རྫོང་གི་རྩྭ་ཐང་དེར་མེ་ཤོར་ནས་ཉིན་༡༡ ཕྱིན་ཏེ་རྒྱ་གཞུང་ལ་ཡར་ཞུ་བྱས་ཀྱང་རོགས་བྱེད་མཁན་མེད་པར་ཡུལ་མི་ཚོས་མེ་དང་འཐབ་དགོས་བྱུང་བ་མི་ཁ་ཤས་ཀྱིས་བརྙན་ལམ་ནས་བརྗོད་འདུག
གཞན་ཡང་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་གཞིས་ཀ་རྩེའི་སྐྱིད་གྲོང་རྫོང་ཁོངས་ཀྱི་ནགས་ཚལ་ལ་མེ་སྐྱོན་བྱུང་སྟེ།  སྲོག་ཆགས་ཆེ་ཆུང་མང་པོ་ཞིག་ལ་གནོད་འཚེ་ཐེབས་ཡོད་པའི་གནས་ཚུལ་འདུག
དེ་མིན་ཆབ་མདོ་སྟེང་ཆེན་རྫོང་སོགས་ས་ཁུལ་མང་པོ་ཞིག་ལ་ཡང་རླུང་འཚུབ་ཧ་ཅང་ཆེན་པོ་བྱུང་ཡོད་པ་བོད་ནང་གི་བརྒྱུད་ལམ་ཁག་ནས་མཐོང་རྒྱུ་འདུག་པས། རླུང་འཚུབ་ཀྱིས་མེ་སྐྱོན་འབྱུང་བ་སོགས་ཀྱི་གནོད་སྐྱོན་ཡོང་གི་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།