བོད་ནང་རྒྱ་ནག་གཞུང་གི་མགོ་མཇུག་འཆོལ་བའི་འཛུགས་སྐྲུན་ཡར་རྒྱས་སྐོར་གྱི་སྙན་ཐོ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་དེ་ལག་ཆར་བེད་སྤྱད་ནས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་སྦས་ཐབས་དང་། རྒྱལ་སྤྱིའི་ནང་ཁོ་ཚོའི་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་ལྟ་ཚུལ་དེ་རྒྱལ་སྤྱིའི་ནང་ཁྱབ་སྤེལ་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་སོང་།
ཟླ་༢ པའི་ཚེས་༢༣ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཏེ། བོད་ནང་དུ་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་བྱས་བའི་དཔྱད་ཞིབ་སྙན་ཐོ་ཞེས་པ་ཞིག་འགྲེམས་སྤེལ་གནང་སོང་།
དེ་ཡང་སྙན་ཐོའི་ནང་རྒྱ་ནག་གཞུང་གི་དམིགས་བྱ་དངོས་ནི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་འུད་སྒྲོག་བྱེད་ཐབས་གཅིག་པུ་ཙམ་མིན་པར། ད་དུང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེའི་ངོ་བོར་སྒྱུར་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཐོབ་ཐང་གི་ལྟ་ཚུལ་དེས། རྒྱལ་སྤྱིའི་ཆབ་སྲིད་དང་། སྤྱི་དམངས། རིག་གཞུང་གི་གཞི་རྩའི་ཐོབ་ཐང་ཁག་ཚང་མ་དཔལ་འབྱོར་འཚོལ་སྒྲུབ་ཐོབ་ཐང་གི་མཐུན་རྐྱེན་འབའ་ཞིག་ཏུ་བསྒྱུར་བའི་ཉེན་ཚབས་བསླངས་ཡོད། དེར་མ་ཟད། དམར་ཤོག་སྲིད་གཞུང་ལྟེ་བར་འཛིན་པའི་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་སྙོམ་གྱི་གོང་འཕེལ་ཞེས་པའི་འུད་སྒྲོག་དེ་ནི། རྒྱལ་ཚོགས་ཀྱི་ཡར་རྒྱས་འཛུགས་སྐྲུན་ཐོབ་ཐང་ཐད་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དང་རྦད་དེ་འགལ་བ་ལྟག་སྤྲོད་ཆགས་ཡོད། དོན་དངོས་སུ་ཉེ་ཆར་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་རྒྱ་གཞུང་གི་ལག་བསྟར་ལས་འཆར་དེ་དག་གིས། རྒྱལ་སྤྱིའི་ཁྲིམས་སྲོལ་ཁག་བསྒྱུར་བཅོས་གཏོང་ཐབས་དང་། ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་རྒྱ་གཞུང་རང་གི་འགྲོ་བ་མིའི་ཐོབ་ ང་གི་འགྲེལ་ལུགས་དང་བསྟུན་པའི་འདོད་མོས་བསྟན་ཡོད་པ། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་ནི། མི་དམངས་ཀྱི་འཚོ་གནས་དངོས་ལ་བསམ་བློ་མ་བཏང་པར་མགོ་མཇུག་འཆོལ་བའི་ལས་འཆར་རྣམ་གྲངས་མང་པོ་ལག་བསྟར་བྱས་པའི་རྐྱེན་གྱིས། ཟུར་ཕུད་དང་ནུས་མེད་བཟོས་པའི་མི་རིགས་ཁག་སྤྱིའི་ཐོབ་ཐང་བརྡལ་བཤིག་ཐེབས་ཀྱི་ཡོད་པ། དེ་བཞིན་པེ་ཅིན་གཞུང་གིས་སྒྲིག་བཟོ་བྱས་པའི་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་ཟེར་བ་ནི། དམར་ཤོག་སྲིད་གཞུང་གི་ཁེ་ཕན་དང་ཆབ་སྲིད་ལས་དོན་གཙོ་བོར་བཟུང་ནས། བོད་མིའི་འཚོ་གནས་ཡར་རྒྱས་གཏོང་རྒྱུ་ལས་ལྡོག་སྟེ་མི་རིགས་རྒྱ་སྒྱུར་བྱེད་ཐབས་ཤིག་ཡིན་པ་རེད། རྒྱ་གཞུང་གིས་བོད་བེད་སྤྱད་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་ངོམ་སོ་བྱེད་ཀྱི་ཡོད་པ་དང་། བོད་ཡུལ་ནི་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ལས་གཞིའི་ཚོད་ལྟ་ཁང་ལྟ་བུ་ཞིག་དང་། དེ་ག་ནང་བཞིན་ཕྱིའི་སྔོན་ཐོན་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོར་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་མངོན་འགྱུར་བྱུང་ལུགས་ཀྱི་རྣམ་པ་སྟོན་སའི་འགྲེམ་སྟོན་ཁང་ལྟ་བུ་ཆགས་ཡོད་སྐོར་འཁོད་འདུག
ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་སྙན་ཐོ་དེ་དམིགས་ས་གཙོ་བོ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་དང་། ཡར་རྒྱས་འཛུགས་སྐྲུན་གྱི་ལས་དོན་སྤེལ་མཁན་ཚོགས་སྡེ་ཁག་ཡིན་སྐོར་དང་། རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་མྱུར་བོར་འཕེལ་བཞིན་ཡོད་པ་དང་། རྒྱ་གཞུང་གིས་རང་ཉིད་ཡར་རྒྱས་འཛུགས་སྐྲུན་གྱི་འགོ་ཁྲིད་ཀྱི་དཔེ་མཚོན་དུ་ངོས་བཟུང་ནས། རྒྱ་གཞུང་རང་གི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་དེ་གོ་ལ་རང་བཞིན་དུ་ཁྱབ་སྤེལ་བྱས་པ་དང་། དོན་དངོས་སུ་རྒྱ་གཞུང་གིས་ཁྱབ་སྤེལ་བཏང་བའི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་དེས་འཛམ་གླིང་གི་སྲིད་གཞུང་ཁག་གི་ཡིད་དབང་འཕྲོག་པ་དང་། ཁོ་ཚོས་རྒྱ་གཞུང་གི་མཆོངས་སྐྱོད་ལྟ་བུའི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་དེ་ནི་དེང་རབས་ཅན་ཡར་རྒྱས་འཛུགས་སྐྲུན་བྱེད་ཐབས་ཀྱི་མྱུར་ལམ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་པས། རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ཤན་ཤུགས་མུ་མཐུད་དུ་འཕེལ་བཞིན་ཡོད་དང་། དེ་ག་ནང་བཞིན་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཐོབ་ཐང་འུད་སྒྲོག་བྱེད་བཞིན་པ་ཁས་ལེན་བྱ་སྲིད་པ་རེད། གལ་ཏེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཡར་རྒྱས་འཛུགས་སྐྲུན་ལ་སྣེ་ཁྲིད་པའི་དབང་དུ་བཏང་ན། ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་བརྩོན་ལེན་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་དཔེ་མཚོན་རང་བཞིན་གྱི་ཡར་རྒྱས་འཛུགས་སྐྲུན་གྱི་ལེགས་ཉེས་གསལ་བོར་ཤེས་རྟོགས་གནང་རྒྱུ་གལ་ཆེན་སྐོར་གསུངས་སོང་།
སྙན་ཐོའི་ནང་འབོད་སྐུལ་ལམ་བསམ་འཆར་ཁག་ཅིག་བཏོན་འདུག་པ་དང་། དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཁབ་ནང་དཔལ་འབྱོར་ཐོབ་ཐང་དེ་འགྲོ་བ་མིའི་ཐོབ་ཐང་ལས་གལ་ཆེ་བའི་གནས་བབ་སྤྲོད་ཐབས་བྱེད་བཞིན་པ་དེར་འགོག་རྒོལ་བྱེད་དགོས་པ་དང་། རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལོག་འགྲེལ་ལ་ངོས་ལེན་མི་བྱེད་པ། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཡར་རྒྱས་འཛུགས་སྐྲུན་གྱི་མ་འཛུགས་བྱེད་རྒྱུ་ཕྱིར་བཤིག་བྱེད་དགོས་པ། ཨ་རིས་མཉམ་འབྲེལ་རྒྱལ་ཁབ་ནང་དུ་ལས་དོན་ཤུགས་ཆེ་ཙམ་སྤེལ་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་གྱིས་གནས་སྤོས་མཚམས་འཇོག་དགོས་པ་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དོན་ཚན་༦ དང་། རྒྱ་ནག་གཞུང་ལ་འབོད་སྐུལ་དོན་ཚན་༡༩ འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།