བོད་ནང་ས་ཡོམ་གོད་ཆག་བྱུང་བར་༧གོང་ས་མཆོག་གིས་ཐུགས་སྨོན་དང་གསུང་འཕྲིན་བསྩལ་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་པ་བོད་ཀྱི་སྟོད་དིང་རི་ས་ཁུལ་གཙོས་ས་གནས་ཁག་ཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་ད་བར་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་དག་ལྟར་ན་ད་བར་མི་༩༥ རྐྱེན་འདས་སུ་སོང་འདུག་པ་དང་། མི་༡༣༠ ཙམ་རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེར་བྱུང་བ་སོགས་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་ནངས་སྔ་དྲོ་དིང་རི་གཙོས་ས་གནས་ཁག་ཅིག་ཏུ་ས་འགུལ་བྱུང་བ་ལ་བརྟེན་ནས་ཤི་རྨས་དང་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད། ཅེས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།