བོད་ནས་ཡོང་མཁན་བོད་མི་༤༡ ས་མཚམས་ནས་འཇུ་བཟུང་།
ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ནས་བོད་ནས་རྒྱ་གར་དུ་གནས་སྐོར་ལ་ཡོང་མཁན་བོད་མི་༤༡ འཛིན་བཟུང་བྱས་ཏེ། ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཊུ་རུ་ཁྲིད་ཡོད་འདུག

དེ་ཡང་བོད་མི་དེ་དག་འགྲུལ་སྐྱེལ་རླངས་འཁོར་བཀྲ་ཤིས་བདེ་ལེགས་ཞེས་པ་ཞིག་གི་ནང་དུ་འགྲིམ་འགྲུལ་བྱེད་བཞིན་པའི་སྐབས། བལ་ཡུལ་གྱི་ཉེན་རྟོག་པས་ས་མཚམས་ནས་འཇུ་བཟུང་བྱས་པ་ཡིན་འདུག ཉེན་རྟོག་པས་འགྲིམ་འགྲུལ་ལས་ཁང་བཀྲ་ཤིས་བདེ་ལེགས་ཞེས་པ་དེས་ལོ་བདུན་བརྒྱད་གོང་ནས་བལ་ཡུལ་ནས་རྒྱ་གར་དུ་བོད་མི་སྐྱེལ་བའི་ལས་ཀ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
དེ་ཡང་ཕྱི་ལོ་༢༠༡༧ ལོའི་དུས་འཁོར་དབང་ཆེན་དང་སྟབས་བསྟུན་ནས་བོད་ནས་བོད་མི་མང་པོ་ཞིག་རྒྱ་གར་དུ་ཡོང་ཐབས་བྱེད་བཞིན་ཡོད་པ་རེད་དེ། སྔར་དང་མི་འདྲ་བར་བལ་ཡུལ་གྱི་ས་མཚམས་ནས་རྒྱ་གར་ལ་ཡོང་བར་དཀའ་ཁག་ཆེན་པོ་ཆགས་ཡོད་པ་རེད། དེ་ཡང་ལོ་མང་སྔོན་ནས་རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་བ་ཡག་ཏུ་ཕྱིན་ཡོད་པས། རྒྱ་ནག་གིས་བལ་ཡུལ་ནང་དུ་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ལ་གནོད་པའི་བྱ་སྤྱོད་སྤེལ་བར། བཀག་འགོག་བྱེད་དགོས་པའི་བཀའ་བཏང་བ་བཞིན། བལ་ཡུལ་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་དང་། བོད་ཀྱི་དུས་ཆེན་ཁག་སྲུང་བརྩི་བྱེད་འཇུག་གི་མེད་པ་རེད་ལ། ཡིག་ཆ་མེད་པའི་བོད་མི་ཚོར་ཡང་བལ་ཡུལ་ནས་རྒྱ་གར་དུ་ཡོང་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།
ད་ལྟའི་ཆར་བོད་མི་དེ་ཚོ་བལ་ཡུལ་ནས་བོད་ལ་ཕྱིར་འབུད་བྱེད་སྲིད་པའི་ཉེན་ཁ་ཡོད་འདུག་པ་དང་། ཁོང་ཚོ་བོད་དུ་ཕྱིར་འབྱོར་སྐབས་རྒྱ་ནག་གཞུང་གིས་ཉེས་པ་གཏོང་རྒྱུ་ཡིན་པ་ངེས་གཏན་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།