བོད་པ་དང་ཡུ་གུར་བའི་སྐུ་ཚབ་སྐད་བཏང་མེད་པ།

ཐའེ་ཝན་གྱིས་སྲིད་སྐྱོང་བློ་བཟང་སེང་གེ་དང་ཡུ་གར་བ་ཁྭ་ཌེར་གཉིས་ལ། ཟླ་འདིའི་ཚེས་༡༨ ནས་ཐའེ་ཝན་དུ་འཚོགས་ཡོད་པའི་རྒྱ་ནག་ནང་གི་ཆོས་ལུགས་རང་དབང་སྐོར་གྱི་ཚོགས་འདུར་མཉམ་ཞུགས་མི་བྱེད་པའི་རེ་སྐུལ་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་སྔོན་མའི་ཕྱི་ཟླ་༡༢ ནང་ཨ་རིར་རྟེན་གཞི་བྱས་པའི་ཐའེ་ཝན་གཞུང་གི་སྐུ་ཚབ་མི་སྣས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང། ཨ་རིར་རྟེན་གཞི་བྱས་པའི་ཡུ་གུར་བའི་ཐོབ་ཐང་རྩོད་ལེན་པ་རཱ་བྷེ་ཡ་ཁ་ཌེར་གཉིས་ལ། ཕྱི་ལོ་༢༠༡༦ ལོའི་ནང་ཐའེ་ཝན་གྱི་རྒྱལ་སར་ཚོགས་འཆར་ཡོད་པའི་ཚོགས་འདུའི་ཆེད། ཐོངས་མཆན་མི་ཞུ་བའི་རེ་སྐུལ་བྱས་ཡོད་པ་དང། དེ་ཡང་རྒྱ་ནག་སྐམ་ས་ཆེན་པོས་ཁོང་རྣམ་གཉིས་ཕེབས་པར་མི་དགའ་བའི་རྣམ་འགྱུར་སྟོན་སྲིད་པའི་རྒྱུ་མཚན་ཡིན་སྐོར་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་རོགས་ཚོགས་ཞེས་པའི་ཚོགས་པ་འགོ་འཛུགས་བྱེད་མཁན་སྐུ་ཞབས་བྷོབ་ཧྤུ་ཡིས་འགྲེལ་བརྗོད་བྱས་འདུག ཁོང་གི་ཚོགས་པ་ཚོགས་འདུ་དེའི་སྦྱིན་བདག་གཅིག་ཡིན་འདུག

ཁོང་གིས་”རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་ལ་གྲོས་མོལ་བྱེད་པར། བོད་པ་དང་ཡུ་གུར་བ་རྣམས་ཀྱི་སྐོར་ལ་སྐད་ཆ་མ་བཤད་ཚེ། གྲོས་མོལ་དེ་ཆ་མ་ཚང་བ་ཞིག་རེད་”ཅེས་འགྲེལ་བརྗོད་བྱས་འདུག

ཚོགས་འདུ་དེར་རྒྱལ་ཁབ་༢༦ ནས་མཉམ་ཞུགས་བྱེད་མཁན་མི་༩༩ ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།