བོད་པ་ནི་སྤྱི་འབངས་ལ་བརྩིས་མེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༥ ཕྱི་ལོ་ ༢༠༡༦/༡༢ /༡༤
རྒྱ་དམར་དྲག་པོའི་གཞུང་གིས་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་བོད་ནང་རང་དབང་ཆེན་པོ་ཡོད་པ་དང་། ཡར་རྒྱས་ཆེན་པོ་སོང་ཡོད་ཚུལ་བསྒྲགས་བཞིན་ཡོད་ཀྱང་། དོན་དངོས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་རང་དབང་ག་ཚོད་ཅིག་ཡོད་མེད་འཛམ་གླིང་མི་མང་གིས་ཤེས་གསལ་དུ་གྱུར་ཡོད། དཔེར་ན་བོད་ནང་དུ་ད་ལྟའི་ཆར་ཡང་དགོན་སྡེ་གཏོར་བཤིག་དང་། གྲྭ་བཙུན་ཕྱིར་འཕུད་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་བོད་མི་ཁག་ཅིག་ལ་ཕྱི་བསྐྱོད་ལག་འཁྱེར་སྤྲད་ཡོད་ཀྱང་། རྡོར་གདན་དུས་དབང་ཆེན་མོ་ཞུ་བར་འགྲོ་རྒྱུ་བཀག་འགོག་ཆེད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་ཡོད་པ་དང་། ཐོག་མ་ཕྱི་བསྐྱོད་ལག་ཁྱེར་ལེན་སྐབས་རྒྱ་གཞུང་གི་ལས་བྱེད་པ་རེ་ཟུང་གིས་འགན་ཁུར་དགོས་པ་དང་། ཁམས་དང་ཨ་མདོའི་ས་ཁུལ་ཁག་ནས་རྒྱ་བལ་ཁུལ་གནས་སྐོར་དུ་འབྱོར་ཟིན་པ་རྣམས་ཀྱང་ཕྱི་ཟླ་༡༢ པ་མ་རྫོགས་གོང་ཕྱིར་རང་ཡུལ་དུ་མ་སླེབས་ན། ལག་ཁྱེར་ལེན་སྐབས་འགན་ཁུར་མཁན་དེ་དག་ལས་གནས་ནས་ཕྱིར་འཕུད་དང་དེ་དག་གི་བུ་ཕྲུག་སློབ་གྲྭ་ནས་ཕྱིར་འཕུད་བྱེད་རྒྱུའི་འཇིགས་སྐུལ་བྱེད་བཞིན་ཡོད་པ་རེད།
དེ་དག་ལས་དུས་བཀག་ནང་མི་འགྲོ་མཁན་བྱུང་ན་རྒྱ་གཞུང་གིས་ཁ་བཤད་ལག་བསྟར་ཡང་བྱེད་ངེས་རེད། རྒྱ་གཞུང་གིས་བོད་མི་རིགས་ལ་ཤ་ཚ་དང་། རྒྱལ་སྤྱིའི་སྟེང་དུ་རྒྱ་གཞུང་གི་གཟུགས་བརྙན་ལ་བསམ་བློ་ཅུང་ཙམ་བཏང་ན་ད་ལན་གནས་སྐོར་དུ་འབྱོར་ཟིན་པ་རྣམས་ལ་དུས་དབང་ཞུ་རྒྱུར་བར་ཆད་མི་བཟོ་བ་དང་། བོད་ནང་དུ་ལག་ཁྱེར་ཕྱིར་བསྡུ་མ་བྱས་པར་གུ་ཡངས་སུ་བཏང་ན། དུས་འཁོར་དབང་ཆེན་ཞུ་མཁན་དང་། དེ་དག་གི་ནང་མི་སྤུན་མཆེད་སོགས་བོད་མི་རིགས་ཀྱི་སེམས་ནང་དུ་ད་ཆ་རྒྱ་གཞུང་གི་སྲིད་བྱུས་གུ་ཡངས་ཅུང་ཙམ་ཡོད་པར་ངོས་འཛིན་བྱེད་ངེས་པ་མ་ཟད། རྒྱ་གཞུང་ལ་དགའ་ཞེན་གྱི་བསམ་བློ་ཡང་སླེབས་སྲིད་པ་རེད། ད་ལན་དེ་ལས་ལྡོག་ནས་རང་དབང་བཙན་འཕྲོགས་བྱས་པས། བོད་མི་ཡོངས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་པ་དང་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཡང་རང་བཞིན་གྱིས་སྐྱེ་ངེས་རེད་ལ། རྒྱལ་སྤྱིའི་སྟེང་བོད་ནང་གི་བོད་མི་ཚོར་རང་དབང་མེད་པའི་གནས་སྟངས་གསལ་སྟོན་བྱུང་བ་བཅས། ཆབ་སྲིད་ཀྱི་ཕུགས་རྒྱང་ཐོག་ནས་རྒྱ་གཞུང་ལ་གྱོང་གུད་ལས་ཁེ་བཟང་གང་ཡང་ཐོབ་མེད།
རྒྱ་དམར་གཞུང་གིས་ད་ལན་དུས་དབང་ཞུ་རྒྱུར་རང་དབང་གི་ཐོག་ནས་བཏང་བཞག་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་ཁག་ལ་བརྟེན་ནས། བོད་ནང་གི་བོད་མི་མང་པོ་ཞིག་གི་སེམས་ལ་འགྱུར་བ་ཐེབས་ནས་མཐར་ཐུག་བོད་དེ་རྒྱ་ནག་ལས་ཁ་བྲལ་དུ་འགྲོ་སྲིད་པར་དོགས་པ་དང་སྐྲག་སྣང་བྱེད་བཞིན་ཡོད་པ་རེད། འོན་ཀྱང་དོན་དངོས་བརྡ་འཕྲིན་གྱི་དུས་རབས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་ཁག་བོད་ནང་གི་བོད་མི་ཕལ་མོ་ཆེས་ཤེས་རྟོགས་ཡོད་པ་དང་། ད་ལྟ་དུས་དབང་ཞུ་བར་བཅར་བས་དམིགས་བསལ་ཆབ་སྲིད་ཀྱི་ཐོག་ནས་བསམ་བློ་གསར་པ་ཞིག་རྙེད་རྒྱུ་གང་ཡང་མེད་ངེས་རེད། དེར་བརྟེན་དུས་དབང་ནི་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལྟ་བུ་ཞིག་མིན་ནའང་། རྒྱ་དམར་དྲག་གཞུང་ལ་དེ་ལྟ་བུའི་དོགས་པ་ཞིག་སྐྱེས་པ་ནི། ལོ་འདིར་རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྫུན་མའི་དུས་དབང་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་རྒྱབ་ལྗོངས་དང་གཅིག་པ་ལྟ་བུར་ངོས་འཛིན་བྱས་པ་ཞིག་ཡིན་སྲིད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བོད་དེ་རྒྱ་ནག་དང་ཁ་བྲལ་དུ་མི་འགྲོ་བར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ངོ་མ་ཞིག་བྱུང་ན་འགྲིག་པའི་ལམ་སྟོན་དང་ཐག་གཅོད་གནང་ཡོད་པ་མ་ཟད། དུས་རྒྱུན་དུ་བོད་མི་རྣམས་ལ་རྒྱ་མི་རིགས་དང་འཆམ་མཐུན་དགོས་པའི་ལམ་སྟོན་ཡང་ཡང་གནང་བཞིན་པ་ལས། རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་པ་དང་། ཁ་བྲལ་དུ་འགྲོ་དགོས་པ། རྒྱ་མི་རིགས་ལ་འཁོན་འཛིན་བྱེད་དགོས་པའི་འབོད་སྐུལ་དང་ལམ་སྟོན་ནི་དུས་ནམ་ཡང་གནང་གི་མེད་སྟབས། རྒྱ་གཞུང་གིས་དུས་དབང་ཆོས་ཞུ་བ་རྣམས་ཛ་དྲག་གིས་ཕྱིར་ཁྲིད་བྱས་མེད་ན། ཆོས་ཞུ་བ་དེ་དག་༧གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་ལ་ངེས་ཤེས་རྙེད་ནས་རྒྱ་མི་རིགས་ལ་འཆམ་མཐུན་བྱེད་མཁན་འབའ་ཞིག་ཏུ་འགྱུར་སྲིད་པ་རེད། འོན་ཀྱང་རྒྱ་གཞུང་གིས་དེ་ལྟ་བུའི་གོ་སྐབས་བཟང་པོ་དེ་ཡང་དོན་མེད་ཆུད་ཟོས་སུ་བཏང་ནས། ད་ལྟའི་ཆར་བོད་མི་རིགས་ཀྱི་སེམས་ནང་དུ་རྒྱ་གཞུང་ལ་འཁོན་འཛིན་གྱི་གཞི་རྩ་བརྟན་པོ་ཞིག་ཆེད་དུ་བཙུགས་པ་རེད།
མདོར་ན་རྒྱ་གཞུང་གིས་བྱེད་སྟངས་འདིའི་མཇུག་འབྲས་ལ་ཚོད་དཔག་བྱེད་མ་ཤེས་པ་མིན་ལ། བོད་མི་རིགས་ཀྱི་མངོན་འདོད་གང་ཡིན་ཤེས་རྟོགས་བྱེད་པའི་དགོས་མཁོ་གང་ཡང་མེད་པར། དུས་རྒྱུན་དུ་བེད་སྤྱོད་དང་བཙན་དབང་ཁོ་ནའི་འོག་ཏུ་གནོན་རྐྱང་བྱེད་པ་ལས། བོད་པའི་མངོན་འདོད་དང་མཐུན་པའི་ཐབས་ལམ་ཞིག་འཚོལ་རྒྱུའི་བསམ་བློ་མེད་པར། བོད་པ་ནི་བྲན་གཡོག་ལྟ་བུ་ལས་སྤྱི་འབངས་ཤིག་ཏུ་གཏན་ནས་བརྩིས་མེད་པ་ར་སྤྲོད་གསལ་པོ་བྱུང་བ་རེད། དེ་བཞིན་རྒྱ་གཞུང་གི་ངོས་ནས་ཀྱང་༧གོང་ས་མཆོག་ལའང་དགྲ་ཁ་གཏད་ཀྱི་བསམ་བློ་ཙམ་ལས་དགོངས་གཞི་ཁག་ལ་དོ་སྣང་བྱེད་འདོད་གཏན་ནས་མེད་པ་མ་ཟད། ༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གོ་སྐབས་གཏན་ནས་སྤྲོད་འདོད་མེད་པའང་ཕལ་ཆེར་གསལ་པོར་གྱུར་ཡོད་པ་རེད། དེར་བརྟེན་བོད་པའི་ངོས་ནས་ཀྱང་གནད་དོན་འདི་དག་གི་ཐོག་ལ་བསམ་བློ་གསར་པ་ཞིག་གཏོང་དགོས་པའམ། ཡང་ན་སྲིད་བྱུས་རྙིང་པ་ལ་ཐབས་ལམ་གསར་པ་ཞིག་འཚོལ་མ་ཐུབ་ན་བོད་དོན་འཇའ་ཚོན་བཞིན་ཡལ་རྒྱུའི་ཉེན་ཁའང་མིག་མདུན་དུ་སླེབས་ཡོད་སྙམ།།