བོད་པ་རྨོ་མོ་ཞིག་གི་སྐེ་རྒྱན་འཕྲོག་བཅོམ།
ཨ་རིའི་སེན་ཧྤེ་རེན་སིས་ཁཱོ་(San Francisco)གྲོང་ཁྱེར་དུ་སྡོད་མཁན་བོད་རིགས་རྒན་མོ་ལོ་ན་༩༠ ཡིན་པ་ཞིག་གི་ཕ་མེས་ཀྱི་རྒྱུ་ནོར་སྐེ་རྒྱན་གཉིས་གཞན་གྱིས་འཕྲོག་བཅོམ་བྱས་འདུག
དེ་ཡང་ཟླ་འདིིའི་ཚེས་༤ ཉིན་ཨ་རིའི་ཨན་བྷི་སི་གསར་ཤོག་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༥ ལོའི་ཡེ་ཤུའི་ལོ་གསར་ཉིན། ལོ་༦༠ སྔོན་བོད་ནས་སླེབས་པའི་རྨོ་ཚེ་རིང་སྒྲོལ་མའི་བུ་མོ་ཚེ་རིང་གཡུ་སྒྲོན་གྱིས་ཁོང་གི་རྒྱན་ཆའི་ཚོང་ཁང་འགྲམ་དུ་སྐྱེལ་འདྲེན་རླངས་འཁོར་ལས་རྒྱན་ཆ་ཁ་ཤས་འདོན་བཞིན་སྐབས། རང་ཉིད་ཀྱི་ཨ་མར་ཁུག་མ་གཉིས་བཅོལ་ཡོད་པ་དང། ཁུག་མ་གཅིག་ནང་རྨོ་ཡི་སྐེ་རྒྱན་གཉིས་དེ་ཡོད་འདུག འོན་ཀྱང་ཏོག་ཙམ་རྗེས་སུ། རླངས་འཁོར་ཞིག་སླེབས་ཏེ་དེའི་ནང་ནས་མི་ཞིག་གིས་རྨོ་མོའི་ལག་ནས་ཁུག་མ་གཉིས་ཕྲོགས་ཏེ། རླངས་འཁོར་བཏང་ནས་བྲོས་ཡོད་པ་གསང་ཞིབ་བརྙན་ཆས་ནང་ཐེབས་ཡོད་འདུག
ཉེ་འགྲམ་ནས་གནས་ཚུལ་དངོས་སུ་མཐོང་མཁན་རྣམས་ཀྱིས། ཇག་པ་དེ་སྐར་མ་ཁ་ཤས་སྔོན་ལ་ཚོང་ཁང་གཞན་ཞིག་ནང་འཛུལ་བ་མཐོང་ཡོད་སྐོར་བརྗོད་འདུག་ལ། ཚོང་ཁང་དེའི་གསང་ཞིབ་བརྙན་ཆས་ལས་མི་དེའི་དཔར་ལེན་ཐུབ་པ་བྱུང་འདུག་ཀྱང། ད་ལྟའི་ཆར་ཉེན་རྟོག་པས་མི་དེ་འཇུ་བཟུང་ཐུབ་མེད་པ་རེད་འདུག
རྨོ་མོ་དེ་དྲན་པ་གསལ་པོ་མེད་པས་སྐེ་རྒྱན་འཕྲོག་བཅོམ་སོང་བ་དྲན་པ་བརྗེད་ནས། སྐར་མ་ལྔ་རེའི་ནང་སྐེ་རྒྱན་དེ་དག་བཙལ་གྱི་ཡོད་སྐོར་ཁོང་གི་བུ་མོ་བདེ་ཆེན་གྱིས་བརྒྱུད་ལམ་ལ་བརྗོད་འདུག
ཁུག་མ་གཞན་དེའི་ནང་ཚོང་ཁང་གི་རྒྱན་ཆ་ཨ་སྒོར་ཁྲི་བཞིའི་(༤༠,༠༠༠) རིན་ཐང་ཡོད་འདུག་ཀྱང། ཁོང་གི་ནང་མིས་རྨོ་ཡིས་ཉིན་ལྟར་རང་ཉིད་ཀྱི་མཉམ་དུ་ཁྱེར་བའི་སྐེ་རྒྱན་གཉིས་པོ་ཚུར་ཐོབ་བའི་རེ་བ་ཡོད་ཚུལ་བརྗོད་འདུག ཁོང་གི་བུ་མོ་གཡུ་སྒྲོན་གྱིས་“ང་ཚོས་སྐེ་རྒྱན་གཉིས་དེ་ལ་རིན་གོང་རྒྱག་མི་ཐུབ། དེ་གཉིས་ཕ་མེས་ཀྱི་རྒྱུ་ནོར་རྙིང་པ་རེད།”ཅེས་བརྗོད་འདུག
ཁོང་གི་ནང་མི་རྣམས་སྔ་དྲོ་དང་བདུན་ཕྲག་གི་མཐའ་མཇུག་ལ། སྐེ་རྒྱན་གཉིས་པོ་རྙེད་པའི་རེ་བ་བཅང་སྟེ། ཅ་དངོས་རྙིང་པའི་ཁྲོམ་ལ་སྐོར་བ་བྱེད་ཀྱི་ཡོད་འདུག
ཉེན་རྟོག་པས་མི་དེ་འཇུ་བཟུང་ཆེད་མི་མང་གི་རོགས་སྐྱོར་ཡོང་བར་རེ་སྐུལ་བྱེད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།