བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༧ ཕྱི་ལོ་ ༢༠༢༠/༠༡/༢༠
ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ པ་ནས་བཟུང་༧གོང་ས་མཆོག་གིས་གཙོས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་བ་དང་། དུས་དེ་ནས་བཟུང་ད་བར་མི་ལོ་༦༠ ལྷག་གི་རིང་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་དང་། བོད་དོན་འཐབ་རྩོད་གང་ཐད་ནས་གྲུབ་འབྲས་མི་དམན་ཙམ་ཐོབ་ཡོད། དེ་ཡང་གཙོ་བོ་༧གོང་ས་མཆོག་གི་དབུ་ཁྲིད་དང་བོད་མི་ཡོངས་ཀྱིས་འབད་བརྩོན་ལ་བརྟེན་ནས་བྱུང་ཡོད་ལ། ལྷག་པར་དུ་བོད་ཀྱི་རིས་མེད་ཆོས་སྡེ་ཁག་ལ་མཚོན་ན་ཆོས་དང་ཆབ་སྲིད་གཉིས་ཐད་ནས་ནུས་པ་དང་གྲུབ་འབྲས་ལེན་མཁན་གཙོ་བོར་གྱུར་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དགོན་སྡེ་ཁག་ཏུ་འཛུལ་ཞུགས་བྱེད་མཁན་གྱི་ན་གཞོན་ཉུང་དུ་འགྲོ་བཞིན་པ་དང་། དགོན་སྡེ་ཁག་གི་ངོས་ནས་ཀྱང་དམ་དྲག་མང་པོ་ཞིག་བྱེད་བཞིན་ཡོད། འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་ཆབ་སྲིད་ཀྱི་ལས་འགུལ་ཆེན་པོ་རེ་སྤེལ་སྐབས་དགེ་འདུན་པ་ཕེབས་མཁན་ཧ་ཅང་མང་པོ་ཡིན་པ་དང་། བོད་དོན་འཐབ་རྩོད་དེ་ཡང་ཆོས་དང་རིག་གནས་གཙོ་བོར་འཛིན་བཞིན་ཡོད་པའི་ཆ་ནས་འོས་ཤིང་འཚམས་པ་ཞིག་ཏུ་གྱུར་ཡོད།
ཕྱི་ལོ་༢༠༠༡ ལོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཕྱི་ལོ་༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་རྒྱུའི་ཐག་གཅོད་བྱེད་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ཀྱིས་ས་གནས་དེ་རང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད། རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་གང་མང་ཞིག་སྤེལ་ན་ཨོ་རྩལ་འགྲན་ཚོགས་ལ་འགལ་རྐྱེན་ཡོང་སྲིད་པར་དོགས་ནས། རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་དང་ཐུག་འཕྲད་བྱེད་མགོ་བཙུགས་ཤིང་། ཨོ་རྩལ་འགྲན་ཚོགས་མཇུག་མ་བསྡུས་བར་ལོ་ལྟར་སྐུ་ཚབ་རྣམས་དང་ཐུག་འཕྲད་ཀྱི་ཐོག་ནས་བོད་རྒྱའི་དབར་འབྲེལ་མོལ་ལམ། གྲོས་མོལ་ཡིན་ལ་མིན་ལ་ཞིག་མུ་མཐུད་དུ་བྱས་ཡོད། རྒྱ་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པ་སོགས་ཆ་རྐྱེན་སྣ་ཚོགས་ལ་བརྟེན། བོད་གཞུང་བཀའ་ཤག་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྒྱ་གཞུང་ལ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་དགོས་པའི་ལམ་སྟོན་སྔ་རྗེས་སུ་ཕེབས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་ལ་ཉམས་ཆག་ཆེན་པོ་བྱུང་།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྣམས་ལ་སྐྱོན་བརྗོད་དང་། སྐབས་རེ་རྒྱ་དམར་གཞུང་དང་། དོལ་རྒྱལ་ཚོགས་པ་ལས་ཀྱང་ཉེན་ཁ་ཆེ་བའི་བཀའ་སློབ་བཀའ་བློན་ཁྲི་པས་གནང་མྱོང་བ་སོགས་ལ་བརྟེན། རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་སྡེ་ཁག་ཅིག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་བྱས་པ་ཡིན་ན། བོད་ནང་དུ་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་དུའང་དགེ་འདུན་པ་ཕེབས་ཆོག་མིན་གྱི་སྐད་ཆ་སླེབས། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་ལམ་དབར་དབྱེ་འབྱེད་དང་ཕྱོགས་འཐེན་མང་པོ་ཞིག་ཆགས་ཤིང་། རྗེས་སུ་རིམ་པས་རི་བོ་དགེ་ལྡན་པའི་ངོས་ནས་དགེ་འདུན་པ་རྣམས་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་གོ་སྒྲིག་བྱས་པའི་ལས་འགུལ་དུ་ཞུགས་མི་ཆོག་པ་བཟོས། ལོ་འདི་ནས་བཟུང་འོས་བསྡུ་ཆེན་མོའི་སྐབས་དགོན་སྡེ་ཁག་ཏུ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་རྣམས་ཀྱིས་བགྲོ་གླེང་རིགས་བྱེད་མི་ཆོག་པ་མ་ཟད། འོས་མི་ཁྱབ་བསྒྲགས་ཀྱི་སྦྱར་ཡིག་ཙམ་ཡང་སྦྱར་མི་ཆོག་ཅེས་བསྒྲགས།
དགེ་འདུན་པ་རྣམས་ལ་མཚོན་ན་གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སློབ་གཉེར་གནང་རྒྱུ་དེ་ཡིན་པ་དང་། བོད་དོན་ཆབ་སྲིད་ཀྱི་ཐོག་ལའང་དགོངས་པ་མི་བཞེས་ཀ་མེད་ཀྱི་གནས་སྟངས་ཤིག་ཡོད་པ་ནི། བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཏུ་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གནས་རྩ་མེད་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱེད་བཞིན་ཡོད་པས། བོད་རྒྱལ་བསྟན་ཆབ་སྲིད་ཆེད་བོད་དོན་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཡོང་བར་འགོ་ཁྲིད་འོས་འདེམས་བྱ་རྒྱུ་ཡང་གལ་ཆེན་པོ་ཡིན་པས། འོས་བསྡུ་སོགས་ཀྱི་སྐོར་ལ་ཐུགས་སྣང་གཏན་ནས་མ་གནང་ན་འགྲིག་ཐབས་མེད། རྒྱ་དམར་གཞུང་ལ་ངོ་རྒོལ་དང་། བོད་མིའི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་བར་དོ་སྣང་དང་འབད་པ་བྱ་རྒྱུ་ནི་སྐྱ་སེར་ལ་དབྱེ་བ་མེད་པར་ཚང་མའི་འགན་ཁུར་དུ་གྱུར་ཡོད། དགོན་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ་དག་རང་བཙན་ཡོད་མཁན་གྱི་མི་སེར་ཡིན་མིན་གང་ལྟར་ཡང་བོད་མི་སྐྱབས་བཅོལ་བ་རྣམས་ལ་བོད་པའི་འགན་ཁུར་དམིགས་བསལ་གྱིས་ཡོད།
མདོར་ན་ད་ལྟའི་ཆར་ཡང་དགོན་སྡེ་ཁག་ཏུ་འོས་བསྡུའི་སྐོར་སོགས་གོ་རྟོགས་སྤེལ་དགོས་པ་དང་། བགྲོ་གླེང་གནང་དགོས་པ་མང་པོ་ཡོད་ལ། ལོ་འདིར་ཆོས་སྡེ་ཆེ་ཁག་དང་འབྲེལ་ཡོད་ཀྱི་ས་གནས་ཁག་ཏུ་འོས་འཕེན་སྐབས་འབྲི་སྟངས་ནོར་བ་དང་། སྤྱི་འཐུས་སུ་ལངས་མཁན་ཕལ་ཆེ་བ་སྲིད་སྐྱོང་གི་འོས་གཞིའི་འགེངས་ཤོག་ནང་བྲིས་པ་ལྟ་བུ་ཧ་ཅང་མང་པོ་བྱུང་ཡོད་ལ། དེའི་སྐོར་གྱི་དྲིལ་བསྒྲགས་དང་སྦྱོང་བརྡར་སྤྲོད་མ་ཐུབ་པའི་སྐྱོན་ཆ་མང་པོ་ལྷགས་ཡོད། དེ་དག་ནི་འོས་འཕེན་སྟངས་ཚུལ་བཞིན་མ་ཤེས་པའི་འོས་ཤོག་འཕྲོ་བརླག་ཏུ་གྱུར་པ་རེད། སྤྱིར་དགེ་འདུན་པས་ཆོས་ཁོ་ན་ལས་ཆབ་སྲིད་ལ་དོ་སྣང་མི་འོས་པའི་བསམ་ཚུལ་འདོན་མཁན་ཡོད་ནའང་། བཙན་བྱོལ་བོད་མི་རྣམས་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་དང་མི་འདྲ་བར་ཆོས་པའི་འགན་ཁུར་དང་། བོད་དོན་འཐབ་རྩོད་ཀྱི་འགན་ཁུར་གཉིས་ཀ་ཡོད་པས། ལས་སྣེ་ཁག་ཅིག་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་ཙམ་རྒྱུ་མཚན་དུ་བཟུང་ནས་གྲྭ་དམངས་སྤྱི་ཡོངས་ལ་རྒྱུག་པ་ལེབ་རྡུང་གི་ཁྲིམས་བཞག་པ་ནི་མ་འགྲིག་པ་ཞིག་ཏུ་སྣང་།།