བོད་པར་བྱུང་བ་རིག་པ་བརྟན་པོ་ཡོད་པ་མ་རེད་ཅེས་ཟམ་གདོང་རིན་པོ་ཆེས་གསུངས།
ཟླ་འདིའི་ཚེས་༣ ཉིན་༧གོང་ས་མཆོག་གི་རང་རྣམ་<<བཙན་བྱོལ་ནང་གི་རང་དབང་>>ཞེས་པའི་དཔེ་དེབ་དབྱིན་ཡིག་ལས་བོད་བསྒྱུར་བྱས་པ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་གི་རང་རྣམ་<<བཙན་བྱོལ་ནང་གི་རང་དབང་>>བསྟན་འཛིན་ཤེས་རབ་ཀྱིས་བོད་བསྒྱུར་བྱས་ཏེ། བོད་ཀྱི་དཔེ་མཛད་ཁང་གིས་པར་སྐྲུན་བྱས་པ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་པ་རེད། དཔེ་དེབ་དེ་ཐོག་མར་དབྱིན་ཡིག་ཐོག་སྐུ་ཞབས་ཨེ་ལེཀ་ཛན་ཌར་ནོར་མན་ཁོ་ཡིས་རྩོམ་སྒྲིག་བྱས་པ་དང་། ༡༩༩༡ ལོར་པར་སྐྲུན་བྱས་ཡོད་འདུག དེ་སྔོན་དེབ་དེ་ལྡི་ལི་བོད་ཁང་གིས་བོད་བསྒྱུར་བྱས་ཏེ། དེབ་མིང་ལ་ཕྱི་ཡུལ་གྱི་རང་དབང་ཞེས་བསྒྱུར་ཡོད་པ་དང་། ད་ཐེངས་འདི་བོད་བསྒྱུར་ཐེངས་གཉིས་པ་དེ་ཡིན་འདུག
དེབ་དེའི་ནང་གཙོ་བོ་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ཏེ་༧གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པའི་སྐོར་འཁོད་ཡོད་པ་དང་། “མི་རིགས་ཤིག་གི་ལས་དབང་དང་ས་ཡ་དྲུག་གི་བདེ་སྡུག་དང་། འཛམ་གླིང་ཧྲིལ་པོའི་འགྱུར་འགྲོས་དང་མི་རིགས་གཞན་གྱི་གོམ་སྟབས། བཙན་བྱོལ་ནང་གི་རང་དབང་དང་བདེན་པའི་སྟོབས་ཤུགས་གསལ་འདོན། འཚེ་མེད་ཞི་བའི་གལ་གནད་དང་ཀུན་ཁྱབ་ཐུགས་བརྩེའི་རང་མདངས་”སོགས་འཁོད་ཡོད་སྐོར་དཔེ་དེབ་དེའི་རྒྱབ་ངོས་སུ་གསལ་ཡོད་པ་རེད།
དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་། དཔེ་དེབ་སྒྱུར་བ་པོ་བསྟན་འཛིན་ཤེས་རབ་ཀྱིས་དཔེ་དེབ་ངོ་སྤྲོད་གནང་བ་དང་། སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོ་ཆེས་མཛད་རྣམ་དེ་དང་འབྲེལ་ནས་གསུང་བཤད་གནང་དོན། “རྣམ་ཐར་གྱི་རིགས་ལ་འབྲི་སྲོལ་མི་འདྲ་གསུམ་རེད། དང་པོ་དེ་གང་གི་རྣམ་ཐར་ཡིན་པ་དེ་རང་ཉིད་ཀྱིས་གསུངས་བཞག་པ་དེར་བོད་སྐད་ནང་རང་རྣམ་ཟེར་གྱི་ཡོད་རེད། གཉིས་པ་སློབ་མ་དང་ཟུར་དུ་གནས་པའི་མི་གཞན་པས་རང་གི་བླ་མ་དང་ཡང་ན་སྐྱེས་ཆེན་དམ་པ་སུ་ཡིན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་གང་ཡིན་པ་འབྲི་སྲོལ་ཡོད་པ་དེར་རྣམ་ཐར་ཟེར་རེད། གསུམ་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པ་ལྟ་བུ་རེད། ཆོས་ཀྱི་རྒྱུན་བྱེ་བྲག་པ་ཞིག་གི་བརྒྱུད་རིམ་ནང་དང་ཡང་ན་དགོན་སྡེའམ་གདན་ས་བྱེ་བྲེག་པ་ཞིག་གི་གདན་རབས་ནང་དང་ཆོས་འབྱུང་ནང་དུ་མཛད་རྣམ་བྲིས་པ་དེ་རེད་ཅེས་དང་། སྐུ་ཚེའི་མཛད་འཕྲིན་སོ་སོས་བྲིས་ནའང་རེད། མི་གཞན་པས་བྲིས་ནའང་རེད། གསུང་རབས་ཡན་ལག་བཅུ་གཉིས་ཀྱི་སྡེ་ཚན་ནང་དུ་ཕྱིན་ན་དེ་ལྟ་བུ་བྱུང་བའི་སྡེ་ཚན་གྱི་ནང་དུ་ཚུད་རེད། སྤྱིར་བཏང་བོད་པའི་བྱུང་རབས་ཀྱི་གནས་སྟངས་ཞན་པོ་ཡོད་པ་རེད། བོད་ཀྱི་ནང་བྱུང་བ་རིག་པ་དམིགས་སུ་བཀར་ནས་རིག་གནས་གཞན་པ་བཞིན་དར་ཁྱབ་མ་སོང་བས། ང་རང་ཚོ་ལ་བྱུང་བ་རིག་པ་བརྟན་པོ་ཡོད་པ་མ་རེད་”ཅེས་གསུངས་སོང་།
ཟམ་གདོང་རིན་པོ་ཆེས་མུ་མཐུད་གསུང་དོན། “རྣམ་ཐར་དེ་ཚོ་དེ་བྱུང་རིག་པའི་ཆ་ཤས་ཤིག་ལ་བརྩི་དགོས་རེད། ང་ཚོས་རྣམ་ཐར་ཞེས་ག་དུས་ཤིག་བཏག་པ་ཡིན་ན། ད་སྔ་བར་དེ་ལ་ཉམས་ཞིབ་བྱེད་མཁན་བྱུང་ཡོད་ས་མ་རེད། སྐུ་ཚེའི་བྱུང་བ་ལ་རྣམ་ཐར་ཞེས་བཏག་པ་དེ་ཡག་པོ་ཞེ་དྲག་བྱུང་འདུག་”ཅེས་གསུངས་སོང་།
“བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས། དེའི་མཐར་ཐུག་གི་དམིགས་ཡུལ་ག་རེ་རེད། དེ་ལ་བརྟེན་ནས་བོད་མི་རིགས་ཀྱི་འགན་ཁུར་ག་འདྲ་ཆགས་ཀྱི་ཡོད་རེད། དེ་ཚོའི་ཐོག་བསམ་གཞིག་དང་། གཏིང་ཟབ་པོར་ཞིབ་འཇུག་བྱེད་མཁན་དཀོན་པོ་འདྲ་འདུག ད་ཐེངས་སྐྱབས་མགོན་རིན་པོ་ཆེའི་མཛད་རྣམ་བོད་སྐད་དུ་བསྒྱུར་བ་མི་མང་པོར་དོ་སྣང་མ་སླེབས་པ་དེ་འདྲ་མི་སྒེར་པ་ཞིག་གིས་ཁུར་དུ་བླངས་ནས་སྒྱུར་ཐུབ་པ་དེ་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་རེད་”ཅེས་དང་། ༧གོང་ས་སྐུ་ཕྲེང་༡༤ པའི་མཛད་འཕྲིན་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལས་ཁྱད་དུ་འཕགས་པ་བྱུང་ཡོད་སྐོར་དང་། བོད་མི་ཚོས་༧གོང་ས་མཆོག་མཇལ་ཁ་ཞུས་པ་དང་ཚོར་སྣང་ཐོག་ནས་མིག་ཆུ་གཏོང་བ་ལས་རླབས་ཆེན་གྱི་མཛད་འཕྲིན་ཐོག་རྗེས་འཇུག་བྱེད་མཁན་ཉུང་ཉུང་ཡིན་སྐོར་སོགས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།