བོད་པའི་ཕྲུ་གུ་༨༠༠༠༠༠-༩༠༠༠༠༠ཙམ་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུག་ཡོད་པར་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ཁྲི་ཚོ་མང་པོ་རྒྱ་གཞུང་རང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུག་ནས། བོད་ཀྱི་རིག་གཞུང་དང་སྐད་ཡིག ཡུལ་ལུང་གོམས་གཤིས་སོགས་དང་རྒྱང་ཐག་རིང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། བརྒྱུད་རིམ་དེའི་ཁྲོད་ནས་བོད་པའི་བྱིས་པ་ཚོ་རྒྱ་རིགས་ལ་སྒྱུར་ཐབས་བྱེད་བཞིན་ཡོད་ཅིང་། ཉེ་ཆར་ཐོན་པའི་སྙན་ཐོ་ལ་གཞིགས་ན། ད་ལྟ་བོད་ནང་དུ་ཡོད་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་རང་ལོ་༦ ནས་༡༨ བར་གྱི་བོད་པའི་བྱིས་པ་༨༠༠༠༠༠ ནས་༩༠༠༠༠༠ ཙམ་ཡོད་པར་བརྗོད་འདུག
ཕྱི་ཚེས་༣༠ ཉིན་(ABC)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་དུ་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་སྐོར་སྙན་ཐོ་ཞིག་བཏོན་ཡོད་འདུག་ཅིང་། སྙན་ཐོ་དེ་དང་འབྲེལ་ནས་བོད་ནས་ཡོང་བའི་བོད་པ་གཉིས་ལ་བཅར་འདྲི་བྱས་འདུག དེ་བཞིན་བོད་རང་ལྗོངས་ཟེར་བ་དེ་དང་གཞན་རྒྱ་ནག་གིས་བཅད་བགོས་བྱས་པའི་ཞིང་ཆེན་གཞན་དག་གི་ཁོངས་སུ་ཡོད་པའི་བོད་པའི་སློབ་མ་ཁྱོན་༨༠༠༠༠༠ ནས་༩༠༠༠༠༠ ཙམ་ཞིག རྒྱ་ནག་གཞུང་གིས་བོད་ཕྲུག་རྒྱ་རིགས་ལ་སྒྱུར་ཐབས་ཆེད་དུ་བཙུགས་པའི་བཅའ་སྡོད་སློབ་གྲྭ་དེ་དག་གི་ནང་བཅུག་ཡོད་འདུག་ཅིང་། སློབ་གྲྭ་དེ་དག་གི་ནང་དུ་ཡོད་པའི་བོད་པའི་སློབ་མ་ཚོ་ལ་ཕྱོགས་ཡོངས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་འདུག དེ་ཡང་བཅའ་སྡོད་སློབ་གྲྭ་དེ་དག་གི་ནང་དུ་ཡོད་པའི་བོད་པའི་སློབ་མ་ཚོས་བོད་པའི་རིག་གཞུང་དང་འབྲེལ་བ། དཔེར་ན། ཞལ་འདོན་འདོན་པ་དང་། སྐེ་ལ་སྲུང་འཁོར་དང་། བླ་མའི་སྐུ་པར་སོགས་ཀྱང་འདོགས་མི་ཆོག་པ་བཟོས་ཡོད་འདུག་ཅིང་། གལ་སྲིད་སྐེ་ལ་དེ་དག་ཡོད་ཚེ་ཉེས་པ་ཆེན་པོ་གཏོང་གི་ཡོད་པར་བརྗོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཟེར་བ་དེའི་འགན་འཛིན་(Maya Wang)མེ་ཡ་ཝང་གཉིས་ལ་ཁུངས་ལྡན་གྱི་གནས་ཚུལ་རག་དོན་ལ།
རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་དེ་དག་གི་ནང་བོད་པའི་སྐད་ཡིག་མེད་ཅིང་། སློབ་ཚན་ཚང་མ་རྒྱ་སྐད་དང་རྒྱ་ཡིག་ནང་དུ་སློབ་སྦྱོང་བྱེད་དགོས་པ་བཟོས་ཡོད་པ་དང་། བརྒྱུད་རིམ་དེའི་ཁྲོད་ནས་བོད་པའི་སློབ་མ་ཚོ་རང་གི་ཕ་སྐད་དང་། རིག་གཞུང་མི་ཤེས་པའི་རྒྱ་རིགས་ལ་སྒྱུར་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག འགན་འཛིན་དེས་རྒྱ་ནག་གཞུང་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་གི་བོད་མི་ཚོ་ལ་རང་གི་རིག་གཞུང་དང་སྐད་ཡིག་སོགས་སློབ་སྦྱོང་བྱེད་རྒྱུའི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པ་ནན་སྐུལ་བྱས་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་ནང་དུ་སྤྱི་སྐད་དང་གྲངས་ཉུང་མི་རིགས་རང་གི་སྐད་ཡིག་གཉིས་ཀའི་ཐོག་ནས་སློབ་ཁྲིད་བྱེད་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད་ཚུལ་སོགས་བརྗོད་ནས་ངོས་ལེན་བྱེད་ཡོད་མི་འདུག
བོད་དོན་ལས་འགུལ་ཁང་ནས་ད་ལྟ་བོད་ས་སྟོད་སྨད་བར་གསུམ་དུ་ཡོད་པའི་ཁྱོན་བོད་པའི་བྱིས་པ་༨༠༠༠༠༠ ནས་༩༠༠༠༠༠ ཙམ་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་ཡོད་པར་བརྗོད་འདུག དེ་བཞིན་བོད་དོན་ལས་འགུལ་བ་རྒན་རྒྱལ་ལོ་ནས་བོད་པའི་བྱིས་པ་རང་ལོ་བཞི་ནས་དྲུག་བར་ཡིན་མཁན། སྔོན་འགྲོའི་སློབ་གྲྭའི་བྱིས་པ་འབུམ་གཅིག་ལྷག་ཙམ་ཞིག་རྒྱ་ནག་གིས་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུག་ཡོད་པར་བརྗོད་འདུག

བོད་མི་མང་ཆེ་བས་རང་གི་བྱིས་པ་བཅའ་སྡོད་སློབ་གྲྭ་དེ་དག་གི་ནང་གཏོང་འདོད་མེད་ཀྱང་། དེ་སྔོན་སྒེར་བཙུགས་སློབ་གྲྭ་ཡོད་པ་དག་ནི་རྒྱ་གཞུང་གིས་བཙན་དབང་ཐོག་རིམ་བཞིན་སྒོ་རྒྱག་བཅུག་ཡོད་པ་དང་། ཕྲུ་གུ་སློབ་གྲྭར་མ་བཏང་ཚེ་ཡིག་རྨོངས་བར་འགྱུར་རྒྱུའི་ཉེན་ཁ་ཡོད་པར་བརྟེན། སློབ་གྲྭ་གཞན་དག་མེད་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་འདུག བཅའ་སྡོད་སློབ་གྲྭར་བཏང་བའི་བྱིས་པ་རྣམས་རང་རང་གི་ཁྱིམ་ལ་ལོག་ཡོང་དུས་བོད་སྐད་བརྗེད་ནས་རྒྱ་སྐད་ལས་མི་ཤེས་པ་ཆགས་ཏེ་ཕ་མ་དང་བུ་ཕྲུག་བར་སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག དགེ་རྒན་རྒྱལ་ལོ་ཡིས། བོད་པའི་བྱིས་པ་རྣམས་རྒྱ་ནག་གཞུང་གིས་མ་འོངས་པར་བོད་ཀྱི་ངོ་བོ་རྩ་བརླག་གཏོང་ཐབས་ལ་དམིགས་ནས་ད་ལྟ་ནས་རྒྱ་སྐད་ལས་བོད་མི་སྐད་མི་ཤེས་པ་བཟོ་བཞིན་ཡོད་པ་དང་། བོད་ཕྲུག་དེ་དག་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཀག་ནས་ཕ་མ་དང་བུ་ཕྲུག་བར་དུས་ཡུན་རིང་པོར་ཐུག་ཐུབ་ཀྱི་མེད་པར་བརྗོད་འདུག འཛམ་གླིང་མཉམ་འབྲེལ་རྒྱས་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་བདེ་དོན་ལྟ་རྟོགས་བྱེད་མཁན་སྐུ་ཚབ་ཟུར་པ་(Fernand de Varennes)ཡིས་མ་འོངས་པར་མི་རབས་གཉིས་ཀྱི་རིང་ལ་ད་ལྟའི་གནས་སྟངས་དེ་ཡར་རྒྱས་འགྲོ་མ་ཐུབ་ཚེ་བོད་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་སོགས་རྩ་བརླག་འགྲོ་རྒྱུ་ཡིན་པར་བརྗོད་འདུག་ལ། ཁྱོན་བོད་པའི་བྱིས་པ་༡༠༠༠༠༠༠ ཙམ་བོད་པའི་རིག་གཞུང་དང་སྐད་ཡིག ལུགས་སྲོལ་གོམས་གཤིས་སོགས་དང་ཁ་བྲལ་བཏང་ནས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་པ་ནི་བོད་པའི་ངོ་བོ་རྩ་མེད་གཏོང་ཐབས་ཆེད་དུ་དམིགས་ཀྱི་ཡོད་པར་བརྗོད་འདུག

ད་ལྟ་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བོད་པའི་བུ་མོ་དབྱངས་སྐྱིད་སྒྲོལ་མ་ཟེར་བ་ཞིག་དང་འབྲེལ་ནས་ཁོང་མོ་བཅའ་སྡོད་སློབ་གྲྭའི་ནང་འདུག་པའི་སྐབས་ཀྱི་མྱོང་ཚོར་དང་འབྲེལ་ནས་བརྗོད་དོན་ལ། ཁོང་མོ་ཟླ་བ་༤ ཙམ་ཡིན་དུས་ནས་ཕ་མ་གཉིས་རྒྱ་གར་ལ་ཡོང་ཡོད་འདུག་ཅིང་། ཁོང་མོ་ཆུང་དྲགས་པའི་རྐྱེན་གྱིས་ཕ་མ་གཉིས་ཀྱིས་རྨོ་རྨོའི་ནང་ལ་བཞག་ཡོད་འདུག ཕྱིས་སུ་ཕ་མ་གཉིས་ཨོ་སོ་ཊོ་ལ་ཡི་རྒྱལ་ཁབ་ལ་སྐྱབས་བཅོས་དུ་ཕྱིན་ཡོད་འདུག་པ་དང་། ཁོང་མོ་ཆུང་དུས་ཕ་ཡུལ་ལ་ཡོད་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཏུ་བཏང་ཡོད་འདུག་ཀྱང་། མོ་རང་ལོ་དྲུག་ལ་སླེབ་དུས་སྒེར་བཙུགས་སློབ་གྲྭ་དེ་རྒྱ་གཞུང་གིས་སྒོ་བརྒྱབ་ནས་ཕྱིས་སུ་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭར་འགྲོ་དགོས་བྱུང་ཡོད་འདུག དུས་དེ་ནས་བཟུང་ཁོང་མོ་སྔར་འཕྲད་མྱོང་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་འདུག་ཅིང་། དམིགས་བསལ་ཐོག་མའི་བཅའ་སྡོད་སློབ་གྲྭར་འགྲོ་དུས་རྒྱ་སྐད་མི་ཤེས་པའི་དཀའ་ངལ་དང་། རྗེས་སུ་རྒྱ་སྐད་ཤེས་ཀྱང་ཁྱིམ་ལ་ལོག་དུས་བོད་སྐད་མི་ཤེས་པའི་དཀའ་ངལ་སོགས་དཀའ་ངལ་དུ་མ་ཞིག་འཕྲད་ཡོད་པར་བརྗོད་འདུག ཕྱིས་སུ་ཁོང་མོའི་མཁལ་མའི་དཀའ་ངལ་ལ་ཁ་གཡར་ཏེ་བཅའ་སྡོད་སློབ་གྲྭ་ནས་རྩ་དགོངས་ཞུ་ཐུབ་ཡོད་འདུག་ཅིང་། དེ་རྗེས་བོད་ཡིག་སྦྱོང་ས་ཡོད་པའི་སློབ་གྲྭ་གཞན་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད་འདུག
མཐར་ཕྱི་ལོ་༢༠༡༠ ལོར་བོད་ནས་ཨོ་སོ་ཊོ་ལི་ཡ་ལ་ཡོང་ནས་རང་གི་ཕ་མ་གཉིས་དང་ལྷན་དུ་ལྷན་འཛོམས་བྱུང་ཡོད་འདུག་ཅིང་། ད་ཆར་ཨོ་སོ་ཊོ་ལི་ཡའི་ནང་གནས་སྡོད་བྱེད་བཞིན་ཡོད་འདུག དགེ་རྒན་རྒྱལ་ལོ་དང་དབྱངས་སྐྱིད་གཉིས་ལྟ་བུ་བོད་མི་མང་པོ་ཞིག་གིས་རང་གི་སྤུན་མཆེད་དང་ཕ་མ་རྣམས་བོད་ལ་ཡོང་ཀྱང་། ཉེན་ཁར་མ་འཛེམས་ནས་བོད་ནང་གི་གནས་སྟངས་སྐོར་གླེང་སློང་བྱེད་ཀྱི་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།