བོད་པའི་བུ་མོ་ཞིག་ལ་གསེར་གྱི་གཟེངས་རྟཌ༌༌༌
བོད་པའི་བུ་མོ་པདྨ་དཔའ་མོ་ལགས་སུ་ཟླ་སྔོན་མའི་ཕྱི་ཚེས་༧ཉིན་རྒྱ་གར་ལྷོ་ཕྱོགས་མཱ་དྷ་ར་སིའི་ཡེ་ཤུའི་མཐོ་སློབ་ཅིག་ནས།དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱུང་བའི་ལག་ཁྱེར་དང།མཐོ་སློབ་དེ་ནས་གསེར་གྱི་གཟེངས་རྟགས་ཤིག་ཐོབ་ཡོད་པ་རེད།
དེ་ཡང་ཕ་ཡུལ་ཁམས་ཚ་བ་དཔའ་ཤོང་རྫོང་ཁོངས་ནས་ཡིན་པའི་བུ་མོ་པདྨ་པ་དཔའ་མོ་ནི་ཕྱི་ལོ་༡༩༩༦ལོར་བོད་ནས་གསར་དུ་འབྱོར་ཞིང། འཛིན་གྲྭ་བཅུ་གཉིས་བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་ཡོད་པ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་ནས་སློབ་གཉེར་བྱས་ཡོད་པ་དང།ཕྱི་ལོ་༢༠༡༤ ཟླ་༣པའི་ཚེས་༧ཉིན་རྒྱ་གར་ལྷོ་ཕྱོགས་མཱ་དྷ་ར་སིའི་ཡེ་ཤུའི་མཐོ་སློབ་(Madras Christian College)ཅིག་ནས།དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱུང་བའི་ལག་ཁྱེར་(M.A Degree Certificate) དང་མཉམ་དུ་ཆེ་མཐོང་གཟེངས་བསྟོད་ཀྱི་གསེར་གྱི་རྟགས་མ་ཞིག་ཐོབ་ཡོད་པ་མ་ཟད།ཕྱི་ལོ་༢༠༡༢དང་༢༠༡༣ལོའི་ཕུལ་བྱུང་སློབ་ཐོན་སློབ་མའི་མཚན་བསྟོད་(Best Outgoing Student 2012-2013) ཀྱང་ཁོང་ལ་ཐོབ་ཡོད་པ་རེད།
བུ་མོ་པདྨ་དཔའ་མོས་རང་ཉིད་ལས་དོན་ཁ་ཤས་ལ་བརྟེན་ནས་སློབ་གྲྭའི་ནང་དངོས་སུ་གཟེངས་བསྟོད་མཛད་སྒོ་ལ་བཅར་མ་ཐུབ་པར་ཅུང་ཙམ་བློ་བྱུང་ཡང། དེ་རིང་དངོས་སུ་གཟེངས་རྟགས་དང་ལག་ཁྱེར་རྣམས་ལག་ཏུ་ཐོབ་པར་ཧ་ཅང་དགའ་པོ་བྱུང། གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི། ཁོང་ལ་ཐུགས་ཁུར་དང་མཐུན་འགྱུར་གནང་མཁན།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་དང། དེ་བཞིན་སློབ་གྲྭ་རིམ་པའི་དགེ་རྒན་རྣམ་པ།དེ་བཞིན་ས་ཕྱོགས་གང་སར་བཞུགས་པའི་ནང་མི་ཉེ་འབྲེལ་དང་དགའ་ཉེ་སྤུན་མཆེད།གྲོགས་པོ་གྲོགས་མོ་སོགས་ཀྱིས་ལྷག་བསམ་ལྷད་མེད་ཀྱི་ཐོག་ནས་རོགས་རམ་དང་མཐུན་འགྱུར་གནང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། ཁོང་རྣམས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང།།