བོད་པའི་བུད་མེད་སློབ་མ་ཞིག་གིས་མཐོ་སློབ་ནས་བརྒྱ་ཆ་༩༦.༥ བླངས་འདུག
བོད་པའི་བུད་མེད་སློབ་མ་བསྟན་འཛིན་པ་སངས་ཀྱིས། སིམ་ལར་རྟེན་གཞི་བྱས་པའི་བྷ་ར་(Bahra University) གཙུག་ལག་སློབ་གཉེར་ཁང་ནས། ཁྲིམས་ལུགས་རིག་པའི་ལོ་རིམ་གཉིས་པའི་ཡིག་རྒྱུགས་ནང་བརྒྱ་ཆ་༩༦.༥ བླངས་ནས། ཕྱི་ལོ་༢༠༡༧ ལོའི་ཤེས་རིག་ལྷན་ཁང་གི་སློབ་ཡོན་ཧིན་སྒོར་འབུམ་གཅིག་ཐོབ་མཁན་དང་པོ་དེ་ཆགས་ཡོད་པ་རེད་འདུག
མོ་རང་ནི་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ད་ལྟའི་ཆར་རང་ལོ་༢༢ ཡིན་ཁར། བོད་ཁྱིམ་སློབ་ཟུར་ཡིན་འདུག
འདི་གའི་གསར་འགོད་པས་མོ་ལ་འབྲེལ་བ་བྱས་ནས། སློབ་ཚན་ཁྲིམས་ལུག་རིག་པ་འདེམས་དགོས་དོན་གང་ཡིན་པ་དང་། མཐོ་སློབ་ཐོན་རྗེས་དམིགས་ཡུལ་གང་ཡོད་སྐོར་དྲིས་པས། མོས་འགྲེལ་བརྗོད་བྱས་པ་ལྟར་ན། སྤྱིར་བཏང་མོ་རང་ལ་སྨན་པའི་སློབ་སྦྱོང་བྱེད་འདོད་ཡོད་པ་དང་། འཛིན་རིམ་བཅུ་གཉིས་རྗེས་སུ་ལོ་གཅིག་རིང་། སྨན་ཀྱི་མཐོ་སློབ་ཏུ་ཚུད་རྒྱུགས་གྲ་སྒྲིག་བྱས་ཀྱང་ཚུད་མེད་འདུག རྒྱུན་དུ་ནས་མི་ཚོགས་དཀྱིལ་དུ་གཏམ་བཤད་བྱེད་པར་ཡག་པོ་ཡོད་པས། ཁྲིམས་ཀྱི་སློབ་སྦྱོང་བདམས་པ་དང་། མཐོ་སློབ་ཐོན་རྗེས་སྤྱི་དམངས་ཁྲིམས་རྩོད་པ་ཞིག་གམ་ཚོང་ལས་ཁང་གི་ཁྲིམས་རྩོད་པ་ཞིག་བྱེད་འདོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།