བོད་པའི་མང་གཙོ་དང་སྒེར་སེམས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༣ ཕྱི་ལོ་ ༢༠༡༧/༩ /༦
བཙན་བྱོལ་བོད་པའི་མང་གཙོ་དེ་༧གོང་ས་མཆོག་གིས་གསོལ་རས་བསྩལ་ནས་མི་ལོ་༥༧ འཁོར་ཡང་། བཙན་བྱོལ་བོད་མི་ལ་མང་གཙོའི་གོ་རྟོགས་དང་མང་གཙོའི་དགོས་འདུན་ཡང་མི་རིགས་གཞན་དང་བསྡུར་ན་ཧ་ཅང་ཆུང་ཆུང་ཡིན་ཞེས་བརྗོད་ཆོག མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་མང་གཙོའི་ལམ་ཆེན་དུ་མདུན་བསྐྱོད་ཀྱི་རྣམ་པ་དང་། ཡར་རྒྱས་ཇི་ལྟར་སོང་ཡང་དེ་དག་ཚང་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུལ་འདེད་དང་ལམ་སྟོན་གནང་བ་ཁོ་ན་ལ་བརྟེན་ནས་བྱུང་བ་འབའ་ཞིག་ཏུ་གྱུར་ཡོད། མང་གཙོའི་ལམ་དུ་བསྐྱོད་ནས་མི་ལོ་༥༧ འདས་པའི་དེ་རིང་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་མང་གཙོ་དང་འབྲེལ་བའི་བསམ་ཚུལ་བསྡུ་རུབ་དང་། བསམ་ཚུལ་ཤོད་མཁན། ཞིབ་འཇུག་བྱེད་པ་ལྟ་བུ་སོགས་ཕྱིའི་རྣམ་པའི་ཐོག་ནས་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་ནའང་། དེ་དག་ཚང་མ་རེ་རེ་བཞིན་རྒྱུས་ཡོད་ཅིག་གིས་ཞིབ་ཏུ་རྩ་བ་བསྔོག་ན། བོད་པ་ནང་ཁུལ་གྱི་འཐེན་འཁྱེར་ཆུང་ཙག་རིགས་དང་མ་འབྲེལ་བ་ཞིག་གཏན་ནས་མེད་པ་ལྟ་བུར་གྱུར་ཡོད།
གང་ལྟར་ཕྱི་ཤུན་མང་གཙོའི་གོས་ཆེན་གྱིས་བཏུམ་ཡོད་ནའང་། ནང་དུ་ཡོད་པ་ནི་ཆོལ་ཁའི་ཞེན་ཁོག་གི་འཐེན་འཁྱེར་རམ། ཡང་ན་གང་ཟག་གང་ཡང་རུང་བ་ཞིག་སྣང་བར་མི་འགྲོ་བའི་རྒྱུ་མཚན་འབའ་ཞིག་ལ་བརྟེན་ནས་མི་མང་ཡང་རང་ཉིད་ཀྱི་ཁ་ཕྱོགས་སུ་འཁྲིད་ཐབས་ཙམ་དམིགས་ཡུལ་དུ་འཛིན་པ་ལས། སྤྱི་དོན་དང་འདྲ་མཉམ་གྱི་བསམ་བློ་ཁུར་མཁན་ཞིག་ཕལ་ཆེར་མེད་ཚོད་དུ་སྣང་། གནད་དོན་འདི་དག་ལ་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོ་དེ་ཚད་ལྡན་ནམ། སྒེར་སེམས་སྤངས་ནས་སྤྱི་སེམས་འབའ་ཞིག་ཏུ་བསྒྱུར་རྒྱུར་ད་དུང་དུས་ཡུན་རིང་པོ་འགོར་སྲིད་པའི་མངོན་རྟགས་མང་པོ་སྤྱི་ཚོགས་ཀྱི་ཟར་ཟུར་གང་ས་རུ་མཐོང་རྒྱུ་འདུག ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོ་དེ་༧གོང་ས་མཆོག་ཞལ་མ་བཞུགས་པའི་དུས་ཚོད་ཅིག་ཤར་ན། སྐབས་དེ་དུས་ད་ལྟའི་ཆར་མང་གཙོའི་སྣེ་ཁྲིད་དུ་རློམ་པ་དག་གི་རང་གཤིས་སམ། མི་མངོན་པའི་ཚུལ་དུ་གབ་པའི་བསམ་ཚུལ་དང་རེ་བ་དེ་དག་མངོན་དུ་འགྱུར་ངེས་ཤིང་། མང་གཙོ་ལ་དགའ་ཞེན་གྱི་ཚོར་བ་ཡོད་ཅེས་པའི་ཁ་བཤད་འཇའ་རིས་ལྟ་བུའི་མཛེས་སྡུག་ཀྱང་རང་བཞིན་གྱིས་ཡལ་སྲིད།
བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ང་རང་ཚོ་ལ་དཔག་ཚོད་ཀྱིས་མང་གཙོའི་ལམ་བུ་ཞིག་ཏུ་བསྐྱོད་བཞིན་ཡོད་པ་དང་། དེ་ཡང་མིའི་ལུང་པ་ཞིག་ཏུ་སྐྱབས་བཅོལ་བའི་གནས་བབས་ཐོག་ཏུ་ཡོད་སྟབས། སྤྱི་ཚོགས་ལ་བརྡབ་གསིག་གཏོང་ངེས་པའི་འགྱུར་ལྡོག་རིགས་གཏོང་དགོས་པ་གང་ཡང་མེད་ལ། སྤྱི་ཚོགས་གཞན་གྱི་བྱེད་སྟངས་མང་པོ་ཞིག་ལ་དཔེ་ལྟ་ཁུལ་བྱས་ཀྱང་། དོན་དུ་སྟག་མཆོངས་སར་ཝ་མོ་མཆོངས་མི་ཐུབ་པའི་གནས་སྟངས་ང་རང་ཚོའི་སེམས་ལ་གསལ་པོ་ཡོད་དགོས་པ་རེད། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་ལ་མང་གཙོ་གནང་། ལམ་ལུགས་དང་གྲུབ་ཆ་དེ་ཚོ་བཟོས། འགྲོ་སྟངས་དེ་ཚོ་ཡང་ལམ་སྟོན་སྔ་རྗེས་རིམ་པར་གནང་ནས་གང་འཚམ་ཞིག་འགྲོ་བཞིན་པ་དེ། ང་ཚོའི་གནས་སྟངས་ལ་གཞིགས་ནས་བལྟས་ན་འགྲིག་ངེས་སུ་གྱུར་ཡོད། གཞན་༧གོང་ས་མཆོག་གི་ཕྱག་གིས་མདུད་བཞག་པ་དེ་དག་ང་ཚོས་རྐང་པས་བཤིག་རྒྱུ་ཡིན་པ་ལྟ་བུའི་བྱེད་སྟངས་འདིས་སྤྱི་ཚོགས་ལ་ཕན་ཐོགས་ན་འགྲིག་ཀྱང་། དོན་གྱིས་ཕན་ཐོགས་ལས་གནོད་སྐྱོན་ཆེ་ན་ང་དང་ངའི་གྲོགས་པོ་ཚོའི་བསམ་ཚུལ་དང་མི་མཐུན་ཡང་། དེ་ལས་བོད་པ་སྤྱི་དང་ལྷག་པར་དུ་བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེ་སྙམ།
རྩ་བས་ཡར་རྒྱས་གཏོང་དགོས་པ་ཞིག་ཡོད་ན་ཐབས་ཤེས་བྱེད་ཆོག་ནའང་། མང་ཆེ་བས་རྡུང་རྒྱུ་རྔ་བརྡུང་ཡང་། དམིགས་རྒྱུ་འདྲེ་དམིགས་ཞེས་པ་བཞིན། ཁ་ནས་མང་གཙོ་དང་སྤྱི་ཚོགས་ཀྱི་མདུན་ལམ་གླེང་ཁུལ་ཡང་། དོན་དུ་དམིགས་འདུན་བྱེ་བྲག་པ་རེའི་ཆེད་དུ་ལོ་ནས་ལོ་བསྟུད་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་བསྡད་པ་དེ་དག་གི་བརྒྱུད་རིམ་དང་ལོ་རྒྱུས་མི་ཚང་མའི་སེམས་ལ་མི་ཤེས་མཁན་གཏན་ནས་མེད་པར་གྱུར་ཟིན། ལྷག་པར་དུ་ད་ལྟ་དྲ་རྒྱའི་སྤྱི་ཚོགས་སུ་སླེབས་ཟིན་པས་འཛམ་གླིང་ཤར་ནུབ་ལ་དབྱེ་བ་མེད་ལ། ས་ཐག་རིང་ཐུང་གི་ཁྱད་པར་མེད་པར་གནས་ཚུལ་ཚང་མ་སྐད་ཅིག་སྐད་ཅིག་གིས་ཤེས་རྟོགས་ཐུབ་པས། མི་རེ་ཟུང་གིས་རང་ཉིད་དང་རང་ཉིད་ཀྱི་འབྲེལ་ཡོད་དག་ཁོ་ན་སྤྱང་གྲུང་འཛོམས་པ་ཞིག་ཏུ་བརྩི་བཞིན་ཡང་། དོན་དུ་རང་ངོ་རང་གིས་མ་ཤེས་པའི་གནས་སྟངས་འབའ་ཞིག་ཏུ་གྱུར་ཡོད་པ་ལོ་རྒྱུས་ཀྱི་གནས་སྟངས་ལ་ཕྱི་མིག་ཅིག་བལྟས་ན་ཤེས་ཐུབ།
མདོར་ན་ད་ཆ་བཙན་བྱོལ་བོད་པའི་མང་གཙོ་འདི་ཡང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་དང་བསྡུར་ན་ད་དུང་འཐུས་སྒོ་ཚང་བ་ཞིག་ཏུ་འགྱུར་མི་སྲིད་ལ། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་ཧ་ཅང་འཁྲུག་ཆ་དོད་པོ་བྱེད་ཁུལ་ཡང་དོན་དུ་ལས་འགུལ་བ་ཙམ་ཞིག་ལས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། གྲོས་ཚོགས་ཀྱི་འཐུས་མི་ངོ་མ་ཞིག་གཏན་ནས་མིན་པ་གསལ་པོ་ཤེས་དགོས་པ་མ་ཟད། ཐ་ན་ང་ཚོའི་སྒྲིག་འཛུགས་འདི་ཡང་མིའི་ལུང་པར་རང་ས་ལག་མཐིལ་ཙམ་མེད་པར་བཙུགས་བཞག་པ་ཙམ་ལས། རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་གི་གནས་བབས་དང་གང་ཐད་ནས་བསྡུར་ཐབས་གཏན་ནས་མེད་པ་ངེས་པར་དུ་ཤེས་དགོས། བླ་སྤྲུལ་དང་། འགོ་ཁྲིད། དྲུང་ཆེ་དང་ལས་བྱེད་སོགས་སུ་འདྲ་ཞིག་ཡིན་ཡང་ཐོག་མ་རང་ཉིད་ངོ་ཤེས་དགོས་པ་དང་། རང་ཉིད་ངོ་ཤེས་ཟིན་པའི་རྗེས་སུ་གཞི་ནས་སྤྱི་ཚོགས་ངོས་འཛིན་ཡོང་ཐབས་བྱེད་དགོས། རང་ཉིད་ངོ་མི་ཤེས་མཁན་ཞིག་གིས་སྤྱི་ཚོགས་ཤེས་སྙམ་པ་དེ་ནི་དོན་གྱིས་མངོན་པའི་ང་རྒྱལ་ཙམ་ལས་གཞན་གང་ཡང་མིན་ནོ།།