བོད་པའི་མང་གཙོ་ལ་མིག་ཚ་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༥ ཕྱི་ལོ་ ༢༠༡༦/༣/༩
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་དེ་ཉིད་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་ཡོད་པ་དང། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་མང་གཙོའི་འོས་འདེམས་ནང་འདི་ལྟ་བུའི་རྩོད་རྙོག་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། མི་མང་གི་ངོས་ནས་འོས་གཞི་སུ་ལ་རྒྱབ་སྐྱོར་བྱེད་པའི་བློ་སྒོ་འབྱེད་ཆེད་འདི་ལྟ་བུའི་རྩོད་རྙོག་དང་སྐྱོན་བརྗོད་དགོས་པ་དེ་ཡང་གལ་ཆེན་པོར་གྱུར་ཡོད། འོན་ཀྱང་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ལ་མཚོན་ན་ད་ལན་སྲིད་སྐྱོང་གི་འོས་གཞི་སོ་སོའི་རྒྱབ་སྐྱོར་བ་དང། འོས་གཞི་སོ་སོའི་རྩོད་གླེང་གི་ཁ་ཕྱོགས་འདི་ལྟ་བུས་ཆིག་སྒྲིལ་དང་སྲ་བརྟན་ལ་གནོད་སྐྱོན་ཆེན་པོ་འགྲོ་ངེས་ཡིན་པས། གནས་སྟངས་དང་ཁོར་ཡུག་གང་ཐད་ནས་འོས་འཚམས་ཤིག་མིན་པ་དེ་ཡང་གསལ་པོ་རེད། འོན་ཀྱང་མང་གཙོ་མེད་པའི་སྤྱི་ཚོགས་ཤིག་ནས་མང་གཙོའི་རིན་ཐང་ཤེས་པའི་མི་ཞིག་གིས་བལྟས་ན་བཙན་བྱོལ་བོད་པའི་མང་གཙོ་དང་རང་དབང་གི་འོས་འདེམས་ལ་མིག་ཚ་བ་དེ་ཡང་རྒྱུ་མཚན་གཏན་ནས་མེད་པ་ཞིག་མ་རེད།
རྒྱ་དམར་དྲག་གཞུང་གི་དཔོན་རིགས་གསར་བསྐོ་བྱེད་སྟངས་ནི་མཐོ་རིམ་དཔོན་རིགས་ཁག་གི་མིག་ནང་དུ་ཡོད་མེད་ཁོ་ན་ལས། མི་མང་དང་འབྲེལ་བ་གང་ཡང་མེད་ལ། དཔོན་རིགས་ཀྱི་གྲས་སུ་སླེབས་མཁན་ཞིག་ལ་ནག་ཉེས་དང་ནོར་འཁྲུལ་ག་འདྲ་ཞིག་ཡོད་པའི་དབང་དུ་བཏང་ཡང་སྲིད་གཞུང་གིས་ལག་པ་འཆང་རྒྱུ་ཙམ་ལས་མི་མང་གི་ངོས་ནས་དེ་ལ་ཤུགས་རྐྱེན་གང་ཡང་སྤྲད་མི་ཐུབ། སྲིད་གཞུང་གི་ངོས་ནས་ཀྱང་དེ་ལ་ལག་པ་འཆང་དང་མི་འཆང་ནི་དབང་ཆའི་འཐབ་རྩོད་དང་རྒྱབ་རྩ་མཐུག་ལོད་ལ་བལྟ་བ་ལས་ནོར་འཁྲུལ་ཡོད་ཚད་ལ་ཉེས་ཆད་རག་ངེས་ཤིག་གཏན་ནས་མིན། དེར་བརྟེན་མི་མང་དང་སྲིད་གཞུང་གི་དཔོན་རིགས་དབར་ལྟོས་གྲུབ་ཀྱི་འབྲེལ་བ་གང་ཡང་མེད་པར་བརྟེན། དཔོན་རིགས་དག་གིས་མི་མང་ལ་འགན་ཁུར་དགོས་པ་གང་ཡང་མེད་པ་དང། མི་མང་གི་ངོས་ནས་ཀྱང་དེ་ལ་དོ་སྣང་དང་འགྲན་རྩོད་ཀྱི་རྣམ་པའི་ཐོག་ནས་རྒྱབ་སྐྱོར་བྱེད་པ་གང་ཡང་མཐོང་རྒྱུ་མེད་པ་མ་ཟད། གཞུང་གི་དཔོན་རིགས་ཚོས་མི་མང་གི་ཆེད་དུ་ལས་ཀ་ཞིག་བྱས་པའི་དབང་དུ་བཏང་ནའང་སྙིང་རྗེ་སྐྱེས་པ་ཙམ་རེད་ཅེས་བརྗོད་ཆོག།
ད་ལན་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་བཙན་བྱོལ་ནང་རྩོད་གླེང་མང་པོ་འགྲོ་བཞིན་པར་རྒྱ་དམར་གཞུང་གིས་ཁྲེལ་དགོད་བྱེད་བཞིན་ཡོད་པ་དང། དེའི་ཕྱོགས་གཅིག་ནས་རྒྱ་དམར་གཞུང་གི་དམ་དྲག་འོག་ཏུ་དཔོན་རིགས་ཁག་ཅིག་གིས་གང་བྱེད་ཙམ་ལས་གཞན་ལ་རང་དབང་གི་ཁོར་ཡུག་མེད་པ་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འོས་བསྡུའི་ཚ་རླབས་དང་བསྟུན་ནས་རང་ཉིད་ཀྱིས་འདོད་མོས་ཡོད་པའི་སྲིད་སྐྱོང་འོས་གཞི་ལ་རྒྱབ་སྐྱོར་དང། འོས་གཞི་གཞན་དག་ལ་སྐྱོན་བརྗོད་སྣ་ཚོགས་བྱས་ནས་སུ་ཕམ་སུ་རྒྱལ་རྩོད་བཞིན་ཡོད་པར་བརྟེན། རང་རང་གི་འདོད་མོས་ཡོད་པའི་འོས་མི་ལ་རྒྱབ་སྐྱོར་བྱེད་ཆོག་པའི་རང་དབང་ཡོད་པ་ནི། རྒྱ་ནག་ལ་མཚོན་ན་ཡིད་སྨོན་སྐྱེ་དགོས་པ་དང་མིག་ཚ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ཉེ་ཆར་རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུ་ལ་སྐྱོན་བརྗོད་བྱས་པའི་གསར་འགྱུར་དེ་ཡང་ཕྱི་ཚུལ་ནས་སྐྱོན་བརྗོད་བྱས་པ་ཞིག་ཡིན་ནའང། དོན་དུ་འབྲི་མཁན་དེ་ཉིད་རང་དབང་མང་གཙོའི་ཐོབ་ཐང་དང་དགེ་མཚན་ལ་ཡིད་ཆེས་དང་ཤེས་རྟོགས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན་ཡིད་སྨོན་སྐྱེས་ཡོད་ངེས་རེད།
གནད་དོན་འདིའི་ཐོག་ནས་བཤད་ན་བོད་དབང་སྒྱུར་བྱེད་མཁན་གྱི་རྒྱ་དམར་དྲག་པོའི་གཞུང་ནི་ད་དུང་རྗེས་ལུས་དང་མུན་ནག་གི་ནང་ནས་ཕྱིར་ཐོན་ཐུབ་མེད་ལ། མི་མང་པོ་ཞིག་གི་སེམས་ནང་དུ་རང་དབང་དང་མང་གཙོའི་གོ་རྟོགས་གཏན་ནས་མེད་པར་མི་ཚེའི་རིན་ཐང་ནི་ཟས་གོས་གནས་མལ་འཛོམས་པ་ཙམ་ལ་གོ་བ་ལེན་མཁན་ཡང་མང་པོ་ཡོད་ངེས་རེད། གནས་སྟངས་དེ་ལྟ་བུའི་འོག་ནས་དོན་དམ་པའི་ཡར་རྒྱས་དང་འདྲ་མཉམ་ཞེས་པ་དེ་ཚོ་རྒྱ་ནག་ལྟ་བུའི་ཆིག་སྡུད་དབང་འཛིན་གྱི་སྲིད་གཞུང་ཞིག་གི་འོག་ཏུ་མཐོང་དཀའ་བར་གྱུར་ཡོད། བཙན་བྱོལ་བོད་མི་གྲངས་ཀ་ཧ་ཅང་ཉུང་ངུ་ཞིག་ལས་མེད་ཀྱང། མང་གཙོ་དང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་ནས་མི་ལོ་དྲུག་ཅུ་ལ་ཉེ་བ་དང། དེ་ཡང་༧གོང་ས་མཆོག་དང་རྒྱ་གར་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད། མི་ཚེའི་རིན་ཐང་ངོ་མ་ནི་དཔལ་འབྱོར་ཙམ་མ་ཡིན་པར་རང་དབང་གི་ཁོར་ཡུག་ཚད་དང་ལྡན་པ་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་ན་དེ་ནི་གལ་ཆེ་ཤོས་སུ་གྱུར་ཡོད།
མདོར་ན་ད་ལན་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་རྒྱ་གཞུང་གིས་སྐྱོན་བརྗོད་བྱས་པ་ནི། གོང་དུ་བཤད་པ་བཞིན་ཕྱོགས་གཅིག་ནས་མང་གཙོ་དང་རང་དབང་གི་ཁོར་ཡུག་ལ་མིག་ཚ་བ་ཞིག་ཡིན་ངེས་རེད་ལ། བོད་ནང་དུ་གཞི་རིམ་གྱི་དཔོན་རིགས་ཤིག་གིས་ནོར་འཁྲུལ་ག་འདྲ་བྱས་ཀྱང་མི་མང་གིས་སྐྱོན་བརྗོད་བྱེད་སའི་ཁོར་ཡུག་མེད་པ་མ་ཟད། གལ་སྲིད་སྐྱོན་བརྗོད་བྱས་ཀྱང་སྒོ་ང་བྲག་ལ་བརྡབ་པའི་དཔེ་ལས་མཇུག་འབྲས་གང་ཡང་མེད། དེ་ལྟ་བུའི་གནས་བབས་འོག་འདྲ་མཉམ་ཅན་གྱི་མང་གཙོ་ལ་མིག་ཚ་བའམ་ཡིད་སྨོན་འཆོར་བ་ནི་རྒྱུན་ལྡན་ལྟ་བུ་རེད། ཕྱོགས་གཅིག་ནས་བཤད་ན་རྒྱ་གཞུང་གིས་དེ་ལྟར་བརྗོད་པའི་རྒྱུ་མཚན་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་འཐབ་རྩོད་དང་རྩ་དོན་གྱི་གནས་བབས་ལ་བསམ་བློ་བཏང་ནས། རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་གི་འོས་བསྡུའི་སྐབས་ཀྱི་རྩོད་གླེང་ལྟ་བུ་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་གི་གནས་བབས་དང་འཚམས་མིན་ཡང་བསམ་བློ་གཏོང་དགོས་ངེས་རེད།།