བོད་པའི་སྤྱི་ཚོགས་གུ་ཡངས་སུ་ཕྱིན་འདུག་ཅེས་བརྗོད་སོང་།
བོད་པའི་སྤྱི་ཚོགས་ཁྲོད་ཆེས་ཐོག་མ་མཚན་འགྱུར་བྱེད་མཁན་བསྟན་འཛིན་མཱ་རེ་ཀོ་དང་ལྷན་དུ་ཁོང་གི་མི་ཚེའི་འགྲུལ་བཞུད་སྐོར་དང་སྤྱི་ཚོགས་ཀྱི་ལྟ་ཚུལ་གུ་ཡངས་སུ་འགྲོ་ཡོད་མེད་ཀྱི་སྐོར་བཅའ་འདྲི་ཞིག་བྱས་ཡོད།

ཟླ་འདིའི་ཚེས་༢ ་ཉིན་འདི་གར་བོད་ཀྱི་བང་ཆེན་གསར་ཁང་གིས་བོད་ཀྱི་ཆེས་ཐོག་མ་མཚན་འགྱུར་མའམ་དབྱིང་སྐད་དུ་(Transgender) དང་སྒྱུ་རྩལ་བ་བསྟན་འཛིན་མཱ་རེ་ཀོ་ལ་བཅའ་འདྲི་ཞིག་ཞུས་ཡོད་པ་དང། སྐབས་དེ་ཁོང་གིས་བརྗོད་དོན་ལ་ཡོང་རྒྱུ་བསྡད་པའི་ཕྱི་ཟླ་༦་ཚེས་༥ ཉིན་ཁོང་ཉིད་བསྟན་འཛིན་མཱ་རེ་ཀོ་ཞེས་ཡོངས་གྲགས་སུ་ཆགས་ནས་མི་ལོ་ཧྲིག་པོ་བརྒྱད་འཁོར་གྱི་ཡོད་པ་དང།
འདས་པའི་མི་ལོ་བརྒྱད་ནང་ཁོ་མོ་ལ་དཀའ་སྡུག་དུ་མ་ཞིག་འཕྲད་ཡོད་ཀྱང་ད་ཆར་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནང་སྔར་དང་བསྡུར་ན་གུ་ཡངས་སུ་ཕྱིན་ཡོད་ཅིང། ཁོང་ཉིད་བོད་པའི་གནས་ཡུལ་ཁག་ལ་བསྐྱོད་སྐབས། བོད་མིའི་རྒན་གཞོན་མེད་པ་ཚང་མས་ཁོང་ཉིད་མཐོང་དུས་དགའ་སྣང་དང་། གདོང་ལ་འཛུམ་མདངས་མངོན་པ་མཐོང་དུས་བོད་པའི་སྤྱི་ཚོགས་ཀྱི་ཁོང་དང་འདྲ་བའི་མི་རྣམས་ལ་ལྟ་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་པ་མཐོང་གི་འདུག་ཅེས་གསུངས་པ་དང། དེ་ཡང་འདས་པའི་མི་ལོ་བརྒྱད་ནང་ཁོང་མོས་དཀའ་ལས་མང་པོ་ཞིག་བརྒྱབ་ནས་འབད་བརྩོན་བྱས་པ་དང། གཞོན་སྐྱེས་རྣམས་ཀྱིས་མཱ་རེ་ཀོ་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་གཞན་ལ་འགྲེལ་བརྗོད་བྱས་པར་བརྟེན། ད་ལྟའི་འགྱུར་ལྡོག་འདི་ཡོང་བ་ཞིག་མཐོང་གིན་ཡོད་ཚུལ་གསུངས་སོང་།
དེང་སང་འཛམ་གླིང་གང་ས་ལ་ཡོད་པའི་བོད་པའི་སྤྱི་ཚོགས་ཁྲོད་སྒོར་གཞས་དར་སྲོལ་ཆེན་པོ་ཆགས་བཞིན་ཡོད་པ་དང། མཱ་རེ་ཀོ་ལྟ་བུར་མཚོན་ན་དུས་རྒྱུན་དུ་སྒོར་གཞས་ལ་དོ་དབྱིངས་ཆེ་ཞིང་དར་སྲོལ་ཆེ་བའི་བོད་རང་གི་ཕྱུ་པ་དག་གྱོན་ནས་གཟའ་ལྷག་པ་ནམ་ཡིན་ལ་སྒོར་གཞས་འཁྲབ་ཀྱི་ཡོད་པས་ད་ཆར་མོ་རང་ནི་བྲོ་དཔོན་ལྟ་བུ་གྱུར་ཡོད། སྐབས་དེ་དུས་ཁོང་མོ་ལ་སྒོར་གཞས་ལ་དོ་དབྱིངས་ཇི་ལྟར་སླེབས་ཡོད་ཚུལ་སྐོར་འདྲི་དུས། ཁོང་གིས་བར་སྐབས་ཤིག་ལ་ཁེ་ན་ཊ་འགྲོ་རྒྱུ་བྱུང་ཡོད་པ་དང། སྐབས་དེ་དུས་ཁེ་ན་ཊ་ནང་ཡོད་པའི་བོད་པ་རྣམས་ཀྱིས་སྒོར་གཞས་ཧ་ཅང་ཡག་པོ་འཁྲབ་ཀྱི་ཡོད་པར་བརྟེན། དེ་དུས་ནས་མོ་རང་སྒོར་གཞས་ལ་དོ་དབྱིངས་སླེབས་ཡོད་པ་དང། དེ་སྔོན་ཁོང་གིས་ཕྱི་རྒྱལ་གྱི་ཞབས་བྲོ་དང་རྒྱ་གར་གྱི་ཞབས་བྲོ་ཡག་པོ་འཁྲབ་ཤེས་ཀྱང། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་རང་མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟངས་ཡག་པོ་ཞིག་ཤེས་དགོས་པ་ནི་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་རང་ལ་འགན་འཁྲི་ཡོད་པར་བརྟེན། ཕྱིས་སུ་ཁོང་མོས་བོད་ནང་གི་སྒོར་གཞས་འཁྲབ་སྟངས་སྦྱངས་ཡོད་པ་དང་དར་སྲོལ་ཆེ་བའི་ཕྱུ་པ་སོགས་ལ་མིག་དཔེར་བལྟས་ནས་བཟོས་པ་ཡིན་ཟེར།
དེ་ནས་ཉེ་བའི་ཆར་རྡ་ས་ཁུལ་དུ་མཚན་འགྱུར་མ་སོགས་དབྱིན་ཡིག་ནང་(LGBTQ) ཁོང་རྣམ་པའི་བདེ་སྡུག་གི་ཆེད་དུ་དབྱིན་ཡིག་ནང་( Queer Pride Walk) ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་དང། དེ་ཡི་མངོན་འདོད་གང་ཡིན་པ་འདྲི་སྐབས་ཁོང་གིས་ཁོང་ཚོ་ལ་མངོན་འདོད་དེ་དང་དེ་ཡིན་ཟེར་བ་ཞིག་མེད་ཀྱང། གཙོ་བོ་ཁོང་ཚོ་ཡང་མི་ཞིག་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ཁྲོད་དབྱེ་འབྱེད་དང་། དམའ་འབེབས་རིགས་མ་བྱེད་བ་གཅིག་མཚུངས་ཤིག་ལ་ལྟ་རོགས་ཞེས་པའི་བརྡ་ལེན་ཞིག་སྤྲོད་ཀྱི་ཡོད་ཅེས་དང། ཁོང་མོ་ལྟ་བུ་མཚོན་ན་ད་ཆར་བོད་པའི་སྤྱི་ཚོགས་ཧ་ཅང་གི་གུ་ཡངས་ཤིག་ནང་ཡོད་ཀྱང། ཁོང་མོ་དང་འདྲ་བའི་མི་གཞན་རྣམས་ལ་ཡང་བཟང་ཕྱོགས་ཀྱི་ལྟ་སྟངས་ཞིག་འཛིན་རོགས་ཞུ་རྒྱུ་ཡིན་གསུངས་སོང། ད་དུང་མུ་མཐུད་དུ་གསུངས་དོན་ལ་ཉེ་ཆར་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་དུས་ཁོང་མོ་ལ་ཚོར་བ་ཆེ་ཤོས་ནི་དུས་རྒྱུན་རང་ཉིད་གཅིག་པུ་འགྲོ་དུས་མི་གཞན་གྱི་འཕྱ་སྨོད་དང་ཁྱད་གསོད་བྱེད་མཁན་ཡོད་ཀྱང། སྐབས་དེ་དུས་ཁོང་མོ་དང་འདྲ་བའི་མི་མང་པོ་ཡོད་པས་རང་ཉིད་སོ་སོ་ལ་ཡང་གདེང་སྤོབས་ཤིག་རྙེད་ཅིང། གཞན་གྱིས་མཐོང་ཆུང་དང་ཁྱད་གསོད་མི་ཐུབ་པའི་དཔུང་རོགས་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་སོང་གསུངས། དེ་བཞིན་མ་འོངས་པ་ཁོང་དང་འདྲ་བའི་མཚན་འགྱུར་སོགས་ཀྱི་རིགས་བོད་པའི་སྤྱི་ཚོགས་ཁྲོད་ཡོང་སྲིད་པས་སོ་སོས་བྱ་བ་གང་ཞིག་ཡིན་ཡང་དཀའ་ལས་བརྒྱབ་ནས་ལེགས་འགྲུབ་ཡོང་ཐབས་ལ་འབད་ན། སྤྱི་ཚོགས་ནང་རང་བཞིན་གྱིས་རང་ལ་ལྟ་སྟངས་བཟང་དུ་འགྲོ་བ་ངེས་ཞེས་གསུངས།
གསར་འགོད་པ། བསོད་ནམས་ཕུན་ཚོགས།