བོད་ཕྲུག་ཁྱིམ་སྡེ་ནས་རྒྱ་གར་གྱི་ངལ་སེལ་ལས་དོན་ཆེད་ཞལ་འདེབས་ཕུལ་འདུག

བོད་མིའི་ཚོགས་སྒེར་མང་པོ་ཞིག་གིས་རྒྱ་གར་དབུས་ས་གཉིས་ཀྱི་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་ངལ་སེལ་གྱི་ལས་དོན་ལ་ཞལ་འདེབས་མང་པོ་ཞིག་ཕུལ་བཞིན་ཡོད་པ་ལྟར། བོད་ཕྲུག་ཁྱིམ་སྡེ་ནས་དགེ་ལས་ཡོངས་ནས་ཉིན་གཅིག་གི་གསོལ་ཕོགས་དང་སློབ་ཕྲུག་ཡོངས་ནས་དུས་གཅིག་གི་ལྟོ་དོད་ཞལ་འདེབས་ཕུལ་འདུག

དེ་ཡང་ཟླ་ ༤ ཚེས་ ༡༣ རེས་གཟའ་ཟླ་བར་བོད་ཕྲུག་ཁྱིམ་སྡེའི་དགེ་སློབ་ཡོངས་ནས་རྒྱ་གར་དབུ་ས་གཉིས་ཀྱི་གཞུང་མང་གི་ངལ་སེལ་ཆེད། བོད་ཁྱིམ་དགེ་ལས་ཡོངས་ཀྱི་ཉིན་གཅིག་གི་གསོལ་ཕོགས་དང་སློབ་ཕྲུག་ཡོངས་ནས་དུས་གཅིག་གི་ལྟོ་དོད་བཅས་ཁྱོན་བསྡོམས་ཧིན་སྒོར་འབུམ་ལྔ་ནས། རྒྱ་གར་སྲིད་བློན་མཆོག་གི་ངལ་སེལ་ཐེབས་རྩར་འབུམ་ ༣ དང་། ཧི་མ་ཅལ་མངའ་སྡེའི་ངལ་སེལ་ཐེབས་རྩར་འབུམ་ ༢ ཀྱི་དངུལ་འཛིན་དེ་བཞིན། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ཡིས། རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལྷན་དུ་ཀང་ར་རྫོང་དཔོན་ར་ཀེཤ་ཀུ་མར་པྲཇཱ་པ་ཏི་(Rakesh Kumar Prajapati )ལ་ཕུལ་ཡོད་ཅིང་།  བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ནས་རྫོང་དཔོན་གྱིས་དབུ་འཁྲིད་ལམ་སྟོན་འོག

ཀང་ར་རྫོང་དུ་ནད་རིམས་སྔོན་འགོག་གི་དཀའ་དཔྱད་ཁུར་དུ་འཁྱེར་ཏེ་ངལ་བ་ཁྱད་དུ་བསད་ནས་གདོང་ལེན་གྱི་མཛད་ཁུར་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་།  རྫོང་དཔོན་ནས་ཀྱང་ཉིན་གྲངས་ ༢༡ རྒྱལ་ཡོངས་ཐེམ་སྤང་གི་དུས་ཚོད་འདིར་རྡ་ས་ས་གནས་བོད་མི་ཚོ་ནས་རྒྱབ་སྐྱོར་ཡག་པོ་གནང་ཡོད་པ་བསྔགས་བརྗོད་གནང་ཡོད་པའི་གནས་ཚུལ་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་མཁོ་སྤྲོད་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།