བོད་ཕྲུག་ལོ་ན་བཅུ་མན་ཆོད་ཀྱི་རྐང་སྤོལ་འགྲན་སྡུར།

དྷ་སའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་བཞིའི་ལོ་ན་བཅུ་མན་ཆོད་ཀྱི་སློབ་མའི་རྐང་སྤོལ་འགྲན་སྡུར་ཞིག་བྱས་ཏེ། འཛམ་གླིང་བཞི་བདེ་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།

14393180_321873558167531_2009576165_oདེའང་ཟླ་འདིའི་ཚེས་༡༧ ནས་ཉིན་གཉིས་རིང་“རྩེད་ཐང་སྒང་ལ་”ཞེས་པའི་དང་བླངས་རྩེད་མོའི་ཚོགས་ཆུང་གི་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་དང་། གྷོ་པལ་པུར་བོད་ཁྱིམ། མེས་དབོན་དཔེ་སྟོན་སློབ་གྲྭ་དང་། མེག་གྷན་ཉིན་མོའི་སློབ་གྲྭའི་འཛིན་རིམ་ལྔ་པ་མན་ཆོད་ཀྱི་བུ་དང་བུ་མོའི་རུ་ཁག་བར་རྐང་སྤོལ་འགྲན་སྡུར་ཞིག་བྱས་པ་དང་། མཐར་བུ་དང་བུ་མོ་གཉིས་ཀའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོའི་བྱ་དགའ་གྷོ་པལ་པུར་བོད་ཁྱིམ་ལ་ཐོབ་པ་ཡོད་པ་རེད།  བུའི་རྐང་སྤོལ་འགྲན་སྡུར་གྱི་ཨང་གཉིས་པའི་བྱ་དགའ་དྷ་སྟེང་བོད་ཁྱིམ་དང་། བུ་མོའི་ཨང་གཉིས་པའི་བྱ་དགའ་དེ་མེག་གྷན་ཉིན་མོའི་སློབ་གྲྭར་ཐོབ་ཡོད་པ་རེད།

བུ་མོ་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དབང་མོ་དང་། བུའི་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་སྐར་མ་ཚེ་རིང་དབང་ཕྱུག་ལ་ཐོབ་ཡོད་པ་རེད།

བུ་དང་བུ་མོའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོར་ཧིན་སྒོར་༤༠༠༠ རེ་། ཨང་གཉིས་པར་ཧིན་སྒོར་༢༠༠༠ རེ་དང་། སློབ་ཕྲུག་ཚོར་ཉིན་གཉིས་རིང་ཉིན་གུང་ཞལ་ལག་མེག་གྷན་ཕ་མའི་ཚོགས་ཆུང་ནས་གོ་སྒྲིག་དང་སྦྱིན་བདག་བྱས་ཡོད་པ་རེད། ཉིན་གཉིས་རིང་སློབ་ཕྲུག་ཚོར་གསོལ་ཇ་དང་ཁ་ཟས་རིགས་དྷ་ས་ས་གནས་བུད་མེད་ཚོགས་པ་ནས་གོ་སྒྲིག་བྱས་ཡོད་འདུག

རྩེད་འགྲན་རྒྱལ་ཁའི་གཟེངས་རྟགས་དང་རྟགས་མ་རྣམས་བོད་རྒྱལ་ཡོང་རྩེད་རིགས་ཚོགས་ཆུང་(ΤΝΣΑ)ནས་སྦྱིན་བདག་བྱས་ཡོད་པ་དང་། རྩེད་འགྲན་པ་རྩེ་ཕུད་གཉིས་ལ་ཧིན་སྒོར་༥༠༠ རེ་གོ་སྒྲིག་ཚོགས་ཆུང་ངོས་ནས་ཕུལ་ཡོད་པ་རེད།

ལོ་བཅུ་མན་ཆོད་ཀྱི་སློབ་མའི་རྐང་སྤོལ་འགྲན་སྡུར་དེ་ཐོག་མར་༢༠༡༤ ལོར་འགོ་ཛུགས་བྱས་པ་ཞིག་རེད།།
གསར་འགོད་པ་བསྟན་འཛིན་དགའ་འཕེལ།