བོད་བརྒྱུད་ནང་བསྟན་དང་སེམས་ཁམས་སྨན་བཅོས་ཀྱི་བགྲོ་གླེང་དབུ་འཛུགས་གནང་འདུག

ཟླ་བ་འདིའི་ཚེས་༢༣ ཉིན་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་མཁས་བླ་དགེ་བཤེས་དང་ཐའེ་ཝན་སེམས་ཁམས་སྨན་བཅོས་པ་གཉིས་དབར་ཕན་ཚུན་ལྟ་གྲུབ་ངོ་སྤྲོད་དང་། དེང་དུས་ཟང་ཟིང་གི་སྤྱི་ཚོགས་འདིར་སེམས་ཁམས་སྨན་བཅོས་དགོས་རིགས་ལ་ཞབས་ཞུ་ཞུ་ཕྱོགས་ཐད་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཞིག་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཐའེ་ཝན་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ཐུན་མོང་ནས་གོ་སྒྲིག་ཞུས་ཡོད་འདུག

དེ་ཡང་བགྲོ་གླེང་ཚོགས་འདུ་དེ་བཞིན་ཐའེ་ཝན་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ཀྱི་ཚོགས་མི། སེམས་ཁམས་སྨན་བཅོས་པ་ལྕམ་ཁྲིན་ཅཱ་ལིང་ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། ཐའེ་ཝན་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ལིང་ལི་ལིང་ལགས་ཀྱིས་དགའ་བསུའི་འཚམས་ཞུ་དང་། ད་བར་བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་ཞུ་ཆེད་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་བར་དུ་འབྲེལ་བ་ཇི་བྱུང་གི་བརྒྱུད་རིམ་ངོ་སྤྲོད་གནང་རྗེས།       སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ ‘‘འདས་པའི་མི་ལོ་སུམ་བཅུ་ལྷག་རིང་། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གྲགས་ཅན་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་ཇི་གནང་ངོ་སྤྲོད་བསྡུས་ཙམ་ཞུས་པ་དང་། དེ་ནས་ད་ཐེངས་བགྲོ་གླེང་ཚོགས་འདུ་འདིའི་དགོས་དམིགས་དང་མ་འོངས་རེ་འདུན་སྐོར་གསུངས་དོན། ཐོག་མ་འབྲེལ་ཡོད་བརྒྱུད་ཐའེ་ཝན་སེམས་ཁམས་སྨན་བཅོས་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབར་དྲ་ལམ་བརྒྱུད་ཕན་ཚུན་བགྲོ་གླེང་ཞིག་གོ་སྒྲིག་གནང་ཐུབ་མིན་གྱི་གྱི་སྐད་ཆ་དང་སྙན་ཞུ་བྱུང་བ་རེད། འོན་ཀྱང་དེ་ནི་ལམ་སེང་གོ་སྒྲིག་ཞུ་ཐུབ་རྒྱུ་ཞིག་མིན་སྟབས་དང་། ཐོག་མ་ཐའེ་ཝན་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་དགེ་བཤེས་མཉམ་དུ་དེ་དོན་གྱི་བགྲོ་གླེང་འགོ་འཛུགས་ཞུ་སྟེ་ཕན་ཚུན་རྒྱུས་ལོན་བྱུང་རྗེས། དེ་ནས་རིམ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དེ་འདྲའི་བགྲོ་གླེང་གོ་སྒྲིག་ཐུབ་མིན་ལྟ་ཆོག་གི་རེད་’’ཅེས་བརྗོད་འདུག

གཞན་ཡང་བོད་བརྒྱུད་ནང་བསྟན་ཕྱོགས་ཀྱི་ཚོགས་ཞུགས་པ་ལྷ་རམས་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་མཆོག་སྐུ་ཚབ་དོན་ཁང་གི་ལྟ་གྲུབ་དགེ་རྒན་ལ་བསྐོ་གཞག་གནང་ཟིན་ཡོད་པ་དང་ཐའེ་ཝན་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ངོས་ནས་ལྕམ་ཁྲིན་ཅཱ་ལིང་ལགས་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་འདུག

དེ་བཞིན་བོད་བརྒྱུད་ནང་བསྟན་ཕྱོགས་ཀྱི་ཚོགས་ཞུགས་པ་བཅས་ནས་ནང་ཆོས་སུ་སེམས་ཁམས་བཅོས་ཐབས་ཀྱི་གཞུང་ལུགས་ངོ་སྤྲོད་དང་འབྲེལ། རྣམ་ཀུན་སེམས་ཁམས་དགོས་མཁོ་ཅན་དང་ཐུག་སྐབས་ཀྱི་མྱོང་ཚོར་དང་། ཉམས་མྱོང་། སོ་སོའི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་ཞུས་རྗེས། ཐའེ་ཝན་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ཕྱོགས་ནས་མཉམ་ཞུགས་གནང་མཁན་སེམས་ཁམས་སྨན་བཅོས་པ་ཚོས་ཀྱང་ཁོང་ཚོའི་གཞུང་ལུགས་ཀྱི་ཁུངས་དང་། ནམ་རྒྱུན་སེམས་ཁམས་དགོས་མཁོ་ཅན་དང་ཐུག་སྐབས་ཀྱི་ཉམས་མྱོང་སོགས་ངོ་སྤྲོད་དང་འབྲེལ། ཕྱོགས་ཕན་ཚུན་བར་ཉམས་མྱོང་སྤེལ་རེས་དང་། དྲི་བར་ལན་འདེབས་སོགས་བགྲོ་གླེང་དོན་དམ་ལྡན་པ་ཞིག་བྱུང་ཡོད་འདུག ད་ཐེངས་ཚོགས་འདུ་འདིའི་མཉམ་བཞུགས་ཡོངས་ནས་ཁ་གཅིག་གྲག་བགྲོ་གླེང་འདི་ལྟ་བུ་ནི་ཤིན་ཏུ་དགོས་མཁོ་ཆེ་བ་དང་། སྤྱི་ཚོགས་སྤྱི་ཡོངས་ལ་ཕན་ཐོགས་དང་སྲི་ཞུ་སྒྲུབ་པའི་བྱ་བ་བཟང་པོ་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་ཕྱོགས་ནས་དོན་ཁང་གི་ལྟ་གྲུབ་རྒན་ལྷ་རམས་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་དང་འབྲེལ་བ་ཞུ་སྟེ་མ་འོངས་མུ་མཐུད་ཚོགས་རྒྱུའི་མོས་ཐག་གཅོད་ཡོད་པ་རེད་འདུག །

གསར་འགོད་པ་བདེ་སྒྲོན།