བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་གཅིག་པ་བསྐོང་ཚོགས་གནང་འདུག

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་། ཐའེ་ཝན་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་གཅིག་པ་དེ་ཟླ་༢ ཕྱི་ཚེས་༢༧ རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ཚོགས་ཡོད་འདུག་ལ། བགྲོ་གླེང་ཐོག་ཐའེ་ཝན་གནས་སྡོད་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དང་། དགེ་བཤེས། དགེ་འདུན་པ། བོད་རིགས་ཤེས་ཡོན་པ། དེ་བཞིན་སློབ་གཉེར་བ་བཅས་ཁྱོན་མི་གྲངས་དགུ་བཅུ་ལྷག་ཚོགས་ཞུགས་གནང་ཡོད་འདུག

བགྲོ་གླེང་ཚོགས་འདུ་ཐོག་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་འགན་འཁྲི་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གལ་གནད། སྟོན་པའི་འཁྲུངས་སྐར་གཅིག་གྱུར་གྱི་གལ་གནད། དེ་བཞིན་དཔེ་ཁྲིད་དང་ཞབས་རིམ་ཟུང་འབྲེལ་གྱི་གལ་འགངས་བཅས་བརྗོད་གཞི་བཞིའི་ཐོག་གཏམ་བཤད་དང་གོ་བསྡུར་གནང་ཡོད་འདུག་ལ། དྲ་ལམ་བརྒྱུད་ནས་ཐད་གཏོང་ཡང་བྱས་ཡོད་པ་མ་ཟད། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་གཅིག་གྱུར་མེད་པའི་ཉེས་སྐྱོན་ལྔ་དང་གཅིག་གྱུར་བྱུང་ན་ཁེ་ཕན་དང་གཅིག་གྱུར་ཡོང་བའི་ཐབས་ལམ་གསུམ་དང་འབྲེལ་བའི་ཐོག་ལ་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཡོངས་ཀྱིས་ནུས་པ་མཉམ་སྤུངས་དང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་འདོན་དགོས་པའི་སྐོར་ལ་གསུང་བཤད་དང་། རིག་པ་དཔང་དུ་བཞག་པ། ཀུན་སྤྱོད་ཚུལ་དང་མཐུན་པ། གྲུབ་དོན་གྱི་འབབ་ས་ཡོད་པ་བཅས་ཀྱི་བགྲོ་གླེང་ཞིག་ཡོང་རྒྱུའི་འབོད་སྐུལ་གནང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྐབས་མཁན་པོ་བསྟན་འཛིན་ཉི་མས་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་འགན་འཁྲི་ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་གནང་དོན། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་དགོངས་དོན་གཞིར་བཟུང་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་ཐད་དམིགས་བསལ་ཐུགས་འགན་བཞེས་བཞིན་པ་ལྟར། ང་ཚོས་ཀྱང་རང་ཉིད་ཆོས་ལུགས་པ་དང་ནང་པ། དགེ་འདུན་པ། ཁྱད་པར་དུ་རྒྱ་རིགས་སྤྱི་ཚོགས་སུ་ནང་བསྟན་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་གྱི་ཕྱོགས་ལ་རང་ཉིད་ཀྱི་འགན་འཁྲི་དང་ལས་དོན་གང་འདྲ་ཞིག་སྒྲུབ་དགོས་པའི་སྐོར་ལ་གསུངས་བཤད་གནང་ཡོད་འདུག

ཡང་དགེ་བཤེས་འཕྲིན་ལས་རྒྱ་མཚོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གལ་གནད་ཅེས་པའི་བརྗོད་གཞི་ཐོག་གཏམ་བཤད་གནང་དོན། ༧གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ནུས་པ་གོང་འཕེལ་ཡོང་ཆེད་ཐུགས་བཞེད་ལ་འཛམ་གླིང་གང་ས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར། ཐའེ་ཝན་གྱི་གཞོན་སྐྱེས་སོགས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐོག་ནས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་། གཞོན་སྐྱེས་དག་གི་མི་ཚེ་དང་འཚོ་བའི་ཁ་ཕྱོགས་ལ་རམ་འདེགས་ཇི་ལྟར་བྱེད་དགོས་པའི་ཐད་ཐབས་ལམ་གང་ཡོད་པའི་སྐོར་ལ་གསུངས་བཤད་གནང་ཡོད་མ་ཟད། སྟོན་པའི་འཁྲུངས་སྐར་གཅིག་གྱུར་གྱི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག། རྒྱལ་སྤྱིའི་སྟོན་པའི་འཁྲུངས་སྐར་གཅིག་གྱུར་གྱི་གལ་གནད། ད་ལྟའི་གནས་བབས། འབྱུང་འགྱུར་དེའི་ཐད་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་ལ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས་གསུང་བཤད་གནང་ཡོད་འདུག

དེ་བཞིན་མཁན་པོ་ཡོན་ཏན་རྒྱ་མཚོས་དཔེ་ཁྲིད་དང་ཞབས་རིམ་ཟུང་འབྲེལ་གྱི་གལ་འགངས་ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་གནང་དོན། རྒྱ་རིགས་སྤྱི་ཚོགས་སུ་ནང་ཆོས་སྤྱི་དང་ཁྱད་པར་ཆོས་ཚོགས་ཁག་གི་གནས་སྟངས་ཐད། འགའ་ཞིག་གིས་ཆོས་ཁྲིད་ཁོ་ན་དང་། འགའ་ཞིག་གིས་འདོན་ཆོག་ཞབས་རིམ་ཁོ་ན་གནང་བཞིན་པའི་གནས་སྟངས་ཐད། དཔེ་ཁྲིད་དང་ཞབས་རིམ་ཟུང་འབྲེལ་གྱི་ལག་ལེན་བསྟར་ཕྱོགས་ཐད་ཀྱི་ངོས་འཛིན་དང་། འོས་འཚམས་ཀྱི་ཕྱག་བཞེས་གནང་ཕྱོགས་སྐོར་ལ་གསུངས་བཤད་གནང་བ་དང་འབྲེལ་ཚོགས་ཞུགས་པ་རྣམས་ནས་གོང་གི་བརྗོད་གཞི་ཐོག་དྲི་བ་དྲི་ལན་ཡང་ལྷུག་པོར་གནང་ཡོད་འདུག

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད་ཅིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་་ནང་བསྟན་ལ་ཞབས་འདེགས་ཞུ་མཁན་གྱི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན་པར་མ་ཟད། ལོ་འདིར་ཚོགས་པ་འདི་དངོས་སུ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་བཅོ་ལྔ་འཁོར་གྱི་ཡོད་པ་རེད་འདུག

གསར་འགོད་པ། བསྟན་འཛིན་ཆོས་གྲགས།

Share this:

Leave a Reply