བོད་མཐོ་སྒང་དུ་ལོ་གཅིག་འབུམ་དགུ་ཁྲི་ཙམ་ནས་འགྲོ་བ་མིའི་རིགས་གནས་ཀྱི་ཡོད་པའི་དཔང་རྟགས་རྙེད་ཡོད་འདུག

བོད་མཐོ་སྒང་ནི་ཨེ་ཤེ་ཡའི་ཆུ་མཛོད་འབོད་པ་བཞིན་རྒྱུགས་ཆུ་མང་པོ་ཞིག་བོད་མཐོ་སྒང་ནས་ཡོང་གི་ཡོད་པ་དང་། ད་ཆར་རྒྱ་ནག་གི་ཚན་རིག་པ་མང་པོས་བོད་མཐོ་སྒང་གི་འཁྱག་རོམ་ཕོན་ཆེན་པོ་བཞུས་ནས་བོད་ནང་གི་གནམ་གཤིས་ཚ་དྲོད་རྒྱས་ཏེ་གནམ་གཤིས་ལ་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག
ཕྱི་ཚེས་༢༠ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མཐོ་སྒང་ནི་ཨེ་ཤེ་ཡའི་ཆུ་བོ་ཆེ་གྲས་རྫ་ཆུ་དང་། འབྲི་ཆུ། ཆུ་མོ་གངས་དཀར། སིན་དྷུའི་ཆུ་བོའམ་ཁ་བབས་བཞི་སོགས་ཆུ་བོ་ཆེན་པོ་མང་པོའི་འབྱུང་ཁུངས་དང་འཁྱག་རོམ་ཕོན་ཆེན་གྱི་གནས་གཞི་ཡིན་ཡང་། ཉེ་ཆར་(Institute of Tibetan Plateau Research) བོད་མཐོ་སྒང་ཚན་རིག་ཞིབ་མཇུག་ཁང་ཟེར་བའི་ཚོགས་པ་དེའི་རྒྱ་ནག་གི་ཚན་རིག་པ་ཚོས་སྣེ་ཁྲིད་ནས་བོད་མཐོ་སྒང་གིས་གནམ་གཤིས་འགྱུར་ལྡོག་སྐོར་ཉམས་ཞིབ་བྱས་པའི་གྲུབ་དོན་ཞིག་གཟའ་ཉི་མའི་ཉིན་ཕྱིར་བསྒྲགས་བྱས་ཡོད་འདུག་པ་དང་། གྲུབ་དོན་དེའི་ནང་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ཚ་དྲོད་ཧ་ཅང་རྒྱས་ནས་འཁྱག་རོམ་ཕོན་ཆེན་པོ་བཞུ་བཞིན་ཡོད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་མ་འོངས་ལོ་ཤས་ནང་བོད་ནང་འཁྱག་རོམ་བརྒྱ་༡༠༠ ནས་༥༠ ལྷག་ཙམ་བཞུ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ཅིང་། ད་ལྟ་རྒྱུག་བཞིན་པའི་གཙང་པོ་མང་པོ་ཞིག་གི་གཏིང་རིང་ཚད་མཐོ་རུ་ཕྱིན་ནས་ཆུའི་མཐོ་ཚད་ཕི་ཌི་༣༣ འཕར་རྒྱུ་ཡིན་པར་བརྗོད། ཚན་རིག་པ་ཚོས་འདས་པའི་ལོ་༡༥ ནང་གོ་ལ་ཁྱོན་ཡོངས་ནང་རྩྭ་ཐང་དང་ཤིང་ནགས་བརྒྱ་ཆ་༡༢ ཙམ་མང་དུ་ཕྱིན་ཡོད་ཀྱང་། དེ་ཡིས་གནམ་གཤིས་འགྱུར་ལྡོག་ཐད་ཤུགས་རྐྱེན་ཆེན་པོ་སྤྲོད་རྒྱུ་ཡིན་པ་དང་། རྩྭ་ཐང་དང་ཤིང་ནགས་མང་པོ་ཡོད་པའི་རྐྱེན་གྱིས་གནས་སྐབས་ས་ཆ་བྱེ་ཐང་དུ་མི་འགྱུར་རྒྱུ་ཕན་ཐོགས་ཆེན་པོ་ཡོད་འདུག་ཀྱང་། དུས་ཡུན་རིང་དུ་སོང་ཚེ་དབྱར་དུས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་ནས་ཆར་པ་ཤུགས་ཆེན་པོ་འབབ་པ་དང་། ཚ་དྲོད་ཚད་ལས་བརྒལ་བ་སོགས་ཀྱི་དབྱར་དུས་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་ཡིན་པར་བརྗོད། དེ་བཞིན་ཨེ་ཤེ་ཡའི་ཁྱོན་ཡོངས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་དང་རྒྱ་ནག་ནང་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རྒྱ་ནག་གི་ཉམས་ཞིབ་སྡེ་ཚན་དེའི་འགོ་དཔོན་(Yao Tandong)ཟེར་བ་དེ་ཡིས་བརྗོད་ཡོད་འདུག ཕྱི་ལོ་༢༠༢༢ ལོར་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་(Yao Tandong)ཟེར་བ་དེས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་བོད་ཀྱི་ས་ཁུལ་སོ་སོའི་ནང་རྒྱུག་བཞིན་པའི་གཙང་པོ་རྣམས་ཀྱི་གཏིང་ཚད་མཐོ་རུ་འགྲོ་བཞིན་ཡོད་ཀྱང་། བོད་ཀྱི་ཕྱི་ཕྱོགས་སུ་རྒྱུག་བཞིན་པའི་ཆུ་བོ་རྫ་ཆུ་དང་། འབྲི་ཆུ། ཆུ་མོ་གངས་དཀར། སིན་དྷུའི་ཆུ་བོ་སོགས་ཀྱི་ཨེ་ཤེ་ཡའི་ཁུལ་དུ་རྒྱུག་བཞིན་པའི་ཆུ་བོ་མང་པོ་ཞིག་ཡོད་པ་རྣམས་ཆུང་དུ་འགྲོ་བཞིན་ཡོད་ཅིང་། རྒྱ་གར་དང་པ་ཀི་སི་ཐན་སོགས་ནང་རྒྱུག་བཞིན་པའི་ཆུ་བོ་དེ་དག་རྣམས་ཆུང་དུ་ཕྱིན་ནས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ནང་ཞིང་ལས་སོགས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྗོད། ད་དུང་མ་འོངས་པར་བོད་ཀྱི་ཆུ་བོ་རྣམས་རྒྱུག་སར་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ནང་ཆུ་སྟངས་འཛིན་ཡག་པོ་བྱེད་ཐུབ་དགོས་པ་དང་། ཕྱི་ལོ་༢༠༥༠ སླེབ་དུས་བོད་ནང་དུ་ཡོད་པའི་འཁྱག་རོམ་བརྒྱ་ཆ་༤༠ ལྷག་ཙམ་བཞུས་ནས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ནང་ཆུ་ལོག་དང་རླུང་འཚུབ་སོགས་ཀྱི་རང་བྱུང་ཁམས་ཀྱི་འཇིགས་པ་སྔར་ལས་མང་བ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག
ཚན་རིག་པ་ཚོས་ཉམས་ཞིབ་བྱེད་དུས་བོད་མཐོ་སྒང་དུ་རི་དྭགས་སྲོག་ཆགས་རིགས་༣༠༠༠ ཙམ་ཡོད་པའི་དཔང་རྟགས་རྙེད་སོན་བྱུང་ཡོད་འདུག་ལ། རྙེད་སོན་བྱུང་བའི་དཔང་རྟགས་དེ་དག་ལ་བལྟས་ནས་ལོ་གཅིག་འབུམ་དགུ་ཁྲི་ཙམ་ནས་བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་གནས་ཀྱི་ཡོད་པའི་དཔང་རྟགས་རྙེད་ཡོད་པ་རྒྱ་ནག་གི་(Xinhua)གསར་ཁང་ལ་བརྗོད་ཡོད་འདུག
སྤྱིར་རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་ཟེར་བ་དེ་དག་གིས་དོན་དངོས་ཇི་བཞིན་ལ་མ་ལྟོས་པར་བོད་ནང་གི་རི་ཆུ་མཚོ་གསུམ་གལ་ཆེན་པོ་མང་པོ་ཞིག་ལ་སྔོག་འདོན་བྱས་དང་བྱེད་བཞིན་པ་ལྟར། ཉེ་ཆར་རྒྱ་ནག་གིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ས་ཁམས་ཚན་རིག་ཞིབ་འཇུག་ཚོགས་པ་ཟེར་བ་ཞིག་གིས་བོད་ཀྱི་མཚོ་གྲགས་ཅན་གྱི་ཡ་གྱལ་བྱང་གནམ་མཚོ་ཕྱུག་མོའི་མཚོ་དབུས་སུ་འཕྲུལ་ཆས་ཆེན་པོ་ཞིག་བཙུགས་ཏེ་ཉིན་གྲངས་༤༢ རིང་དོང་བདུན་ཙམ་བྲུས་ནས་ཕྱི་ཟླ ༧པའི་ཚེས་༡༨ཉིན་ལས་དོན་གྲུབ་ཟིན་པར་བརྗོད་པ་དང་། མཚོ་དེའི་གཏིང་ནས་རིང་ཚད་ལ་མི་ཊར་ ༩༥༡ ཙམ་ཡོད་པའི་འོག་ཏུ་སྐྱེ་དངོས་ཀྱི་ངོ་བོ་འགྱུར་བའི་གནའ་རྫས་རིགས་འདྲ་མིན་མང་པོ་ཞིག་བསྔོགས་ཡོད་པ་དང། གནའ་རྫས་ཀྱི་འདྲ་དཔེ་དེ་དག་གི་ཐོག་ནས་དེ་སྔོན་བསྐལ་པ་མང་པོའི་གོང་དུ་བོད་མཐོ་སྒང་གི་གནམ་གཤིས་དང་ཁོར་ཡུག་གི་གྱུར་ལྡོག་ཇི་འདྲ་བྱུང་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡིན་པར་བརྗོད་པ་མ་ཟད། བསྐལ་པ་མང་པོའི་སྔོན་དུ་གནམ་མཚོའི་ཁུལ་དེར་སྐྱེ་དངོས་སྲོག་ཆགས་ག་འདྲ་གནས་ཡོད་མེད་དང་མ་འོངས་པར་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་སྐོར་ཉམས་ཞིབ་བྱེད་པར་ཕན་ཐོགས་ཡོང་རྒྱུ་ཡིན་པ་རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་དེ་དག་གིས་སྙན་ཐོའི་ནང་བཀོད་ཡོད་འདུག གནམ་མཚོ་བོད་ཀྱི་མཚོ་གྲགས་ཅན་ཙམ་མིན་པར་བོད་པ་ཚོས་གནས་རྩ་ཆེན་ཞིག་བརྩི་གི་ཡོད་སྟབས་ཚན་རིག་པ་ཟེར་བ་དེ་ཚོས་མཚོ་གང་བྱུང་དུ་བྲུས་པ་དེས། བོད་ཀྱི་ཆོས་ལུགས་དང་རིག་གཞུང་ལ་རྡོག་རོལ་དང་། དོན་གཞན་བསྙད་དེ་མཚོའི་ནང་གི་གཏེར་རྫས་སྔོག་འདོན་ཆེད་ཡིན་པར་དོགས་མཁན་མང་པོ་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།