བོད་མདོ་སྨད་རྔ་པ་རྫོང་ནས་གྲྭ་པ་གཉིས་བཙན་ཁྲིད།
ཕྱི་ལོ་༢༠༡༥ ཟླ་༡༢ ཚེས་༢ ཉིན་བོད་ནས་གནས་ཚུལ་འབྱོར་བར། ཕྱི་ཟླ་༡༡ ཚེས་༣༠ ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ་(རང་ལོ་༢༨ ) ཁོང་རང་ཤག་ནས་རྒྱ་ནག་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གྲྭ་བློ་བཟང་དགེ་འཕེལ་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་ཚུལ་ཙམ་ལས་རྒྱུ་མཚན་ཅི་ཡིན་སོགས་གསལ་པོ་ཤེས་རྟོགས་མ་ཐུབ་ཀྱི་མེད་པ་དང་། ཁོང་ཕྱི་ལོ་༢༠༡༡ ཟླ་༥ ནང་འཛིན་བཟུང་གིས་ཡུན་རིང་བཀག་ཉར་བྱས་མཐར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་༢༠༡༣ ལོའི་ལོ་མཇུག་ཟླ་བ་ཁ་ཤས་སྔ་སྣུར་གྱིས་གློད་གྲོལ་བྱས་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག
ཁོང་གི་ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་ཨུ་རྒྱན་ཚེ་རིང་དང་། མ་ལྷ་མོ་སྐྱིད་གཉིས་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆེ་ཤོས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། དེང་སྐབས་སྨན་པ་གྲྭ་ཚང་གི་གཉེར་པ་ཡིན་འདུག

ཡང་རྔ་པ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་(རང་ལོ་༤༩ ) ཁོང་ཡང་གོང་ཚེས་ཡས་མས་ཀྱི་མཚན་མོ་ཞིག་ལ་དགོན་པའི་ནང་གི་རང་ཤག་ནས་རྒྱ་ནག་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་ཡང་༢༠༠༨ ལོར་འཛིན་བཟུང་གིས་ལོ་༡ དང་ཟླ་༤ ལ་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག ཁོང་གི་ཕ་ཡུལ་རྔ་པ་རྫོང་སོ་རུ་མ་ནས་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།