བོད་མི་༧༠༠ ལྷག་ལ་ཁྲིམས་ཆད་བཅད་འདུག
ཟླ་འདིའི་ཚེས་༣ ཉིན་(Spotlight on china) ཞེས་པའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ནང་དུ་ཡོད་པའི་བོད་མི་ཁྱོན་བསྡོམས་༧༠༠ ལྷག་ལ་རྒྱ་ནག་གཞུང་གིས་རིམས་ནད་སྐོར་གྱི་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་ཀྱིས་ཁྲིམས་ཆད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
བོད་ནང་ལ་སྒོ་རྒྱ་བསྡམས་ནས་ད་བར་ཉིན་གྲངས་༥༠ ལྷག་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནང་ཡོད་པའི་བོད་མི་ཚོ་འ་ཆད་འུ་ཐུག་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་རོགས་རམ་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། ཟླ་བ་སྔོན་མའི་ཚེས་༢༥ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ནང་དུ་ཡོད་པའི་བོད་མི་ཚོ་ལ་རིམས་ནད་སྐོར་གྱི་དཀྲོག་གཏམ་སྤེལ་བའི་ཉེན་འཛུགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཁྱོན་བསྡོམས་༧༨༦ ལ་ཁྲིམས་ཆད་བཏང་ཡོད་རབས་བརྗོད་ཡོད་འདུག
ཐེ་ཝན་དུ་ཡོད་པའི་ཞིབ་འཇུག་པ་སྒྲོལ་མ་ཚེ་རིང་གིས་བོད་ནང་ལ་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་ཏོག་དབྱིབས་གཉན་རིམས་ཀླག་ཀོར་ཞེས་པའི་སྲིད་བྱུས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠ པ་དེ་མ་ཚོགས་ཀྱི་བར་དུ་མུ་མཐུད་ལག་བསྟར་བྱེད་སྲིད་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཚོ་འཇུ་བཟུང་བྱས་པ་དེ་ནི་གཙོ་བོ་ནད་ཡམས་ལ་ཁ་གཡར་བ་ཙམ་ལས་དོན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མ་ཚོགས་གོང་ཆབ་སྲིད་སྲ་བརྟན་ཡོང་བའི་ཆེད་དུ་ཡིན་རབས་བརྗོད་འདུག
ཉེ་ཆར་ཡི་ནི་(Yining) ཞེས་པའི་ཡུ་གུར་གྱི་་གྲོང་ཁྱེར་ཞིག་གི་ནང་དུ་ཟས་རིགས་མ་འདང་བའི་རྐྱེན་གྱིས་ཡུལ་མི་ཚོ་ལྟོགས་ཤི་ཐེབས་ཉེན་ཆེ་བས་ཡུལ་དེའི་མང་ཚོགས་ཀྱིས་གཞུང་ལམ་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཅིག་སྤེལ་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ལས་འགུལ་བ་༦༠༠ ལྷག་བཀག་སྐྱིལ་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་ཕྱིན་པའི་དབང་གིས་ཡུལ་དེར་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་ཡུལ་དེ་མི་མང་༢༢ ལྟོགས་ཤི་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་༩ པའི་ཚེས་༢༨ ཉིན་རྒྱ་ནག་ཏུ་ཉིན་བརྒྱའི་ལས་འགུལ་ཅེས་པའི་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་བྱས་ཡོད་པའི་ཐོག རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིའུ་པའོ་ལིས་(Qiu Baoli) ཀྱིས་ལས་འགུལ་དེ་སྤེལ་ནས་ད་བར་ཉེས་དོན་གྱོད་གཞི་ཁྱོན་བསྡོམས་༦༤༠,༠༠༠ ལྷག་ལ་ཐག་གཅོད་བྱས་ཡོད་པ་དང་། དོགས་ཡོད་ཉེས་ཅན་པ་ས་ཡ་༡,༤༣ ལྷག་འཛིན་བཟུང་བྱས་ཡོད་རབས་བརྗོད་འདུག
ཧྲང་ཧེའི་ནང་རྒན་ཡོལ་གནང་ཟིན་པའི་དགེ་རྒན་ཀུའུ་གོ་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠ པ་དེ་ཉིད་འཚོགས་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་ནག་གི་ཉེན་རྟོག་པ་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དང་། མི་དམངས་ཚོ་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། དེང་སང་ཁ་པར་དང་སྐད་འཕྲིན་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་གྱི་བརྗོད་གཞི་གླེང་སློང་བྱས་པ་ཡིན་ན། ས་གནས་ཉེན་རྟོག་པ་དང་སྲིད་གཞུང་གི་ལས་བྱེད་ཚོ་ལམ་སང་སྒོ་རྡུང་བར་བསླེབས་ནས་བཙོན་ཁང་ནང་ལ་བཙན་ཁྲིད་བྱེད་པའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ད་ལྟ་མི་མང་པོ་ཞིག་བཙན་ཁྲིད་བྱས་ནས་ཁང་མིག་ཆུང་ཆུང་ནང་བཅུག་ཡོད་པ་རེད། དེ་སྔོན་ཡིན་ན་མེ་འཁོར་དང་ཡང་ན་མེ་འཁོར་འབབ་ཚིགས་སོགས་ནས་བཙན་ཁྲིད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་དེང་སང་ཉེན་རྟོག་པ་ཚོའི་བྱེད་ཕྱོགས་དེ་ཧམ་པ་ཆེ་རུ་ཕྱིན་འདུག་ཅེས་བརྗོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠ པ་དེ་ནི་ཟླ་འདིའི་ཚེས་༡༦ ནས་འགོ་འཛུགས་བྱེད་རྒྱུ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།