བོད་མི་གསོད་མཁན་རྒྱ་གར་བ་གསུམ་དེ་གཏའ་དངུལ་འོག་གློད་གྲོལ་བཏང་མི་འདུག

ལོ་སྔོན་མར་བོད་མི་ཞིག་གསོད་མཁན་གྱི་རྒྱ་གར་གསུམ་གྱི་ནང་མིས། བཙོན་ཁང་ལས་ཁོ་ཚོ་གསུམ་གཏའ་དངུལ་འོག་གློད་གྲོལ་ཐོབ་ཆེད་དུ་ཁྲིམས་ཁང་ལ་སྙན་ཞུ་སྤྲད་འདུག་ཀྱང་། ཁྲིམས་དཔོན་གྱིས་ངོས་ལེན་བྱས་མེད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་དྷ་སའི་ཀང་རཱ་རྫོང་ཁོངས་ཀྱི་ཁྲིམས་ཁང་ལ། ཕྱི་ལོ་༢༠༡༥ ལོའི་ཟླ་༡༠ པའི་ཚེས་༣༠ ཡི་དགོང་མོར་དྷ་ས་མེག་གྷན་དུ་བོད་མི་ཞིག་ལ་གྲིས་བརྒྱབ་སྟེ་གསོད་མཁན་རྒྱ་གར་བ་གསུམ་པོའི་ནང་མིས། ཁྲིམས་ཐག་མ་ཆོད་བར་གཏའ་དངུལ་འོག་གནས་སྐབས་བཙོན་གྲོལ་ཡོང་བའི་སྙན་ཞུ་ཞིག་ཁྲིམས་ཁང་ལ་སྤྲད་ཡོད་པས། དེའི་ཐོག་ཉན་ཞིབ་བྱས་འདུག་པ་དང་། ཁྲིམས་དཔོན་གྱིས་སྙན་ཞུར་རྩིས་མེད་བཏང་ནས། ཁོ་ཚོ་གསུམ་མུ་མཐུད་བཙོན་ཁང་དུ་ལྷག་ཡོད་པ་རེད།

འདི་གའི་གསར་འགོད་པས་གྱོད་གཞི་དེའི་ཐོག་ལས་ཀ་བྱེད་མཁན་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་དང་ཐུག་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། གཏའ་དངུལ་འོག་གནས་སྐབས་བཙོན་གྲོལ་ཡོང་བའི་སྙན་ཞུ་དེ་ཐེངས་གཉིས་པ་ཡིན་འདུག་པ་དང་། ཐེངས་དང་པོ་དེ་ཟླ་༧ པའི་ཚེས་༢ ལ་ཉན་ཞིབ་བྱེད་རྒྱུ་བྱས་ཡོད་ཀྱང་། ཕར་ཕྱོགས་ཀྱི་ཁྲིམས་རྩོད་པ་སླེབས་མེད་པས་སྙན་ཞུ་རྩིས་མེད་བཏང་ཡོད་འདུག དེ་བཞིན་སྤྱིར་བཏང་རྒྱ་གར་གྱི་ཁྲིམས་ནང་ནག་ཉེས་མང་པོ་ཞིག་ལ་གཏའ་དངུལ་འོག་བཙོན་གྲོལ་ལ་སྙན་ཞུ་རྒྱག་ཆོག་གི་ཡོད་འདུག་པ་དང་། དེ་ཡང་མི་བསད་པའི་ནག་ཉེས་ཡིན་ཡང་ཁྲིམས་ཐོག་ནས་ནག་ཉེས་ར་འཕྲོད་ནས་ཁྲིམས་ཐག་མ་བཅད་བར་དུ། གཏའ་དངུལ་འོག་གནས་སྐབས་རིང་བཙོན་གྲོལ་ཡོང་བའི་སྙན་ཞུ་རྒྱག་ཆོག་གི་ཡོད་འདུག

དེ་བཞིན་དེ་རིང་གི་ཉན་ཞིབ་དེ་མི་བསད་པའི་ཁ་མཆུ་དེ་དང་ཐ་དད་ཡིན་པ་ལས། ཉན་ཞིབ་འདིའི་ཐག་གཅོད་ཀྱིས་ཁ་མཆུར་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མེད་པ་རེད་འདུག སྐབས་རེ་མི་བསད་པའི་ཁ་མཆུ་ལ་དཔང་རྟགས་ཡིག་ཆ་ཡག་པོ་མ་རག་པའི་རྐྱེན་གྱིས། ནག་ཉེས་པ་གཏའ་དངུལ་འོག་གནས་སྐབས་རིང་བཙོན་གྲོལ་བཏང་བ་བྱུང་གི་ཡོད་ཀྱང་། བོད་མི་བསད་པའི་ཁ་མཆུ་འདིར་དཔང་རྟགས་ཡིག་ཆ་དང་དཔང་མི་སོགས་ཆ་ཚང་བ་ཡོད་པས། ཁྲིམས་དཔོན་གྱིས་ཁོ་ཚོའི་སྙན་ཞུ་དེ་རྩིས་མེད་བཏང་བ་རེད་འདུག

ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁྲིམས་དཔོན་གྱིས་ཁོང་ལ་གཏའ་དངུལ་གྱི་སྙན་ཞུའི་སྐོར་བསམ་ཚུལ་ག་རེ་ཡོད་མེད་དྲིས་པར། ཁོང་གིས་ཁ་མཆུ་དེ་ནི་མི་བསད་པའི་ཁ་མཆུ་ཡིན་པ་མ་ཟད། མི་རིགས་གཉིས་དང་འབྲེལ་བ་ཡོད་པ་ཡིན་པས། གལ་ཏེ་གཏའ་དངུལ་འོག་གནས་སྐབས་བཙོན་གྲོལ་བཏང་ཚེ། སྤྱི་ཚོགས་ནང་མིག་དཔེ་ཡག་པོ་ཞིག་ཡོང་རྒྱུ་མིན་སྐོར་ལན་འདེབས་བྱས་པས། ཁྲིམས་དཔོན་གྱིས་ཀྱང་སྙན་ཞུ་རྩིས་མེད་བཏང་འདུག ད་ལྟའི་ཆར་རྒྱ་གར་བ་གསུམ་གྱི་ནང་མི་ཚོར་གདམ་ཀ་གཉིས་ཡོད་འདུག་སྟེ། དེ་ཡང་ཁྲིམས་ཁང་ལ་སྙན་ཞུ་དེར་བསྐྱར་ཞིབ་ཡོང་བའི་སྙན་ཞུ་རྒྱག་རྒྱུ། ཡང་ན་སིམ་ལའི་ཁྲིམས་ཁང་མཐོ་བར་སྙན་ཞུ་རྒྱག་རྒྱུ་དེ་གཉིས་ལས་ལྷག་མེད་པ་རེད་འདུག

དེ་བཞིན་མི་བསད་པའི་ཁ་མཆུ་དང་འབྲེལ་ནས་རྒྱུས་ལོན་བྱས་པར། ཁ་མཆུ་དེའི་ཉན་ཞིབ་ནི་ཟླ་འདིའི་ཟླ་མཇུག་ལ་ཡིན་པ་དང་། ད་ལྟའི་ཆར་ཁ་མཆུ་དེར་བོད་མིའི་ཕྱོགས་ལ་དེ་སྔོན་དཔང་མི་༡༥ ཡོད་པ་ལས་བོད་མི་༢ དང་རྒྱ་གར་ཉེན་རྟོག་པ་དང་ཁ་ལོ་བ་སོགས་༡༣ ཡོད་འདུག་ཀྱང་། ད་ལྟའི་ཆར་བོད་མི་དཔང་མི་དྷ་སའི་ས་འགོ་རྙིང་པ་ཕྱི་རྒྱལ་ལ་ཕྱིན་ཟིན་པས། ད་ལྟ་བོད་མི་གཅིག་ལས་ལྷག་མེད་པས། ཁྲིམས་གཏུགས་ལ་ཤུགས་རྐྱེན་འགྲོ་སྲིད་པ་རེད་འདུག

དེ་བཞིན་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་གྱིས་ཁ་མཆུ་དེ་བོད་མི་ཚོར་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་ཀྱང་། ཁྲིམས་རྩོད་པ་དང་དཔང་མི། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། བརྒྱུད་ལམ་ཁག་སོགས་ཀྱི་རྒྱབ་སྐྱོར་དང་དོ་སྣང་རྒྱུན་སྐྱོང་དགོས་པ། དེ་བཞིན་ཉན་ཞིབ་སྐབས་ཁྲིམས་ཁང་ལ་བོད་མི་མང་པོ་སླེབས་ཐུབ་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།

གལ་ཏེ་རྗེས་སུ་ཁ་མཆུ་དེ་བོད་མིར་ཐོབ་ཚེ། ཉེས་ཅན་པ་གསུམ་ལ་ཚེ་བཙོན་གྱི་ཉེས་པ་ཕོགས་སྲིད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
སྔོན་མའི་གནས་ཚུལ།