བོད་མི་ཏོག་ནད་ཕོག་མཁན་མང་དུ་འགྲོ་བཞིན་འདུག

ཟླ་༤ པའི་ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༥༧ པ་སྤེལ་ཡོད་པ་དང་། དེའི་ཐོག་ཏུ་འདས་པའི་བདུན་ཕྲག་གཅིག་ནང་བོད་མི་༣༥༢ ལ་ཏོག་ནད་ཕོག་ཡོད་སྐོར་གསུངས་སོང་། བདུན་ཕྲག་སྔོན་མར་བོད་མི་༢༦༠ ལ་ཏོག་ནད་ཕོག་ཡོད་པས། བདུན་ཕྲག་སྔོན་མ་དང་བསྡུར་ན་འདས་པའི་བདུན་ཕྲག་འདིའི་ནང་ཏོག་ནད་ཕོག་མཁན་མི་གྲངས་༩༢ མང་དུ་ཕྱིན་འདུག་པས། རྒྱ་གར་དང་བལ་ཡུལ་སོགས་སུ་ཏོག་ནད་ཀྱི་ཁ་གྲངས་ཧ་ཅང་ཆེན་པོ་འཕར་བཞིན་པ་དང་བསྟུན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁག་ཏུ་ཡང་ནད་པའི་གྲངས་འབོར་འཕར་བཞིན་ཡོད་པ་གསལ་པོ་རེད་འདུག

འདས་པའི་བདུན་ཕྲག་གཅིག་ནང་སྐྱེས་པ་གྲངས་༢༢༨ དང་བུད་མེད་གྲངས་ ༡༢༤ ལ་ཏོག་ནད་ཕོག་ཡོད་འདུག ལོ་ན་རྒན་ཤོས་ནི་༨༦ དང་ཆུང་ཤོས་ནི་ཕྲུ་གུ་ལོ་༡ དང་ཟླ་བ་༡༡ བྱས་པ་ཞིག་རེད་འདུག  འདས་གྲོངས་སོང་བ་མི་༣བྱུང་ཡོད་པ་དང་། དེ་ཡང་སྐྱེས་པ་རང་ལོ་༧༦ སོན་པ་༢ དང་སྐྱེས་པ་རང་ལོ་༦༠སོན་པ་ཞིག་ཡིན་འདུག  དེ་བཞིན་ཏོག་ནད་ཕོག་མཁན་ཁྲོད་དུ་ཚབས་ཆེ་ཆུང་ལ་མ་ལྟོས་པར་མང་ཆེ་བ་ནད་རྟགས་ཡོད་མཁན་ཡིན་འདུག

ད་ལྟ་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བའི་ཁོངས་སུ་རྒྱ་བལ་འབྲུག་གསུམ་དུ་བོད་པ་༢༤༥༠ ལ་ཏོག་དབྱིབས་ཀྱི་ནད་དུག་འགོས་པ་དང་མི་༥༣ ཐམ་པར་འཆི་སྐྱོན་བྱུང་བ།  སྨན་བཅོས་བྱེད་བཞིན་པ་༦༧༧ ། དྲག་བསྐྱེད་སོང་བ་མི་གྲངས་༡༧༢༠བཅས་ཡིན་འདུག

ད་ལྟའི་ཆར་ནད་པ་ཡོད་པའི་ས་གནས་ཁག་གི་ཁོངས་སུ་བལ་ཡུལ་ནས་ས་གནས་༢ དང་རྒྱ་གར་ནང་ས་གནས་༢༢ ཡོད་འདུག་པ་དང་། ཛ་དྲག་ཤོས་ནི་ལྡི་ལི་དང་བདེ་སྐྱིད་གླིང་། རྡ་ས་ཁུལ་བཅས་ཡིན་འདུག

དེ་བཞིན་བདུན་ཕྲག་སྔོན་མར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷེང་ལོར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་སྡོད་ཁང་དུ། མི་གྲངས་༡༥ ལ་ཏོག་ནད་ཡོད་པ་ཤེས་རྟོགས་བྱུང་རྗེས། སླར་ཡང་མི་གྲངས་༢༥ ལ་ཏོག་ནད་ཐོན་ཡོད་པ་རེད་འདུག

རྒྱ་གར་ནང་ད་ལྟའི་ཆར་ལོ་ན་༡༨ ཡན་ཆད་རྣམས་སྔོན་འགོག་སྨན་ཁབ་རྒྱག་ཆེད་དུ་དྲ་ཐོག་ནས་དེབ་སྐྱེལ་བྱེད་ཐུབ་ཀྱི་ཡོད་ཀྱང་། ས་གནས་ཀྱི་སྨན་ཁང་ཁག་ཏུ་སྔོན་འགོག་སྨན་ཁབ་གསར་པ་འབྱོར་ཡོད་མེད་དང་བསྟུན་ནས། སྨན་ཁབ་ཀྱི་དུས་བཅད་བཟོ་ཐུབ་མིན་ལ་ཁྱད་པར་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།