བོད་མི་དང་བོད་དོན་ཆེད་རྒྱ་གར་ལས་བཀའ་དྲིན་ཆེ་བའི་ལུང་པ་ཡོད་མ་རེད།
བོད་མི་དང་བོད་དོན་ཆེད་དུ་རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་འཛམ་གླིང་ནང་ལུང་པ་གཞན་ཡོད་མ་རེད། དེར་བརྟེན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་རང་བཙན་ཉིན་མོ་ཐེངས་༧༢ ཉིན་མོའི་ཐོག་གསུངས་སོང་།
ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་གྱི་རང་བཙན་ཉིན་མོ་ཐེངས་༧༢ པའི་ཐོག དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་དུ། སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་རྒྱལ་དར་སྒྲེང་འཛུགས་དང་། ཕྱག་རོགས་བཀའ་བློན་རྣམ་པས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་རྒྱ་གར་རྒྱལ་གླུ་གྱེར་འདོན་གྱིས་རྒྱ་གར་རང་བཙན་ཉིན་མོའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་སོང་།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་རང་བཙན་ཉིན་མོ་དང་འབྲེལ་ནས་གསར་འགོད་པ་ཚོར་“དེ་རིང་རྒྱ་གར་རང་བཙན་གྱི་ཉིན་མོར་རྒྱ་གར་གཞུང་མང་གཉིས་ལ་བོད་མིའི་སྒྲིག་འཛུགས་ནས་འཚམས་འདྲི་ཞུ་བཞིན་ཡོད། གཞི་རྩའི་ཆ་ནས་རྒྱ་གར་རང་བཙན་ཐོབ་ནས་ལོ་བདུན་ཅུ་དོན་གྲངས་ནང་ལ་དཔལ་འབྱོར་གྱི་ཐོག་ནས་འཛམ་གླིང་ནང་ཨང་ཀི་ལྔ་པ་ཆགས་ཡོད་རེད། ཡི་གེ་འབྲི་ཀློག་གི་ཐོག་ནས་སྔོན་མ་ཡིན་ན་བརྒྱ་ཆ་བཅུ་བཞི་ཙམ་བརྩི་ཡི་ཡོད་རེད་དེ། ད་ལྟའི་ཆར་བརྒྱ་ཆ་༧༤ ཟེར་དུས་ཧ་ལམ་ཐེར་འབུམ་གཅིག་ལྷག་ཙམ་ཡི་གེ་འབྲི་ཀློག་གནང་ཐུབ་མཁན་ཆགས་ཡོད་རེད། དེ་ག་ནང་བཞིན་ཆབ་སྲིད་ཀྱི་ཐོག་ནས་ཡིན་ན་ཡང་འཛམ་གླིང་གི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ནང་ཚུད་པ་དེ་ལོ་༧༠ ནང་གི་ཧ་ལས་པའི་གྲུབ་འབྲས་ཆེན་པོ་རེད་བསམ་གྱི་འདུག དེར་བརྟེན་རྒྱ་གར་གཞུང་མང་ཡོངས་ལ་འཚམས་འདྲི་ཞུ་བ་དང་སྦྲགས། བོད་མི་དང་བོད་དོན་ཆེད་དུ་རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་འཛམ་གླིང་ནང་ལུང་པ་གཞན་ཡོད་མ་རེད། རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན།”ཞེས་དང་། དེ་བཞིན་ཁོང་གིས་རྒྱ་གར་རང་བཙན་ཉིན་མོ་དང་འབྲེལ་ནས་བོད་མི་རྣམས་ལ་རེ་སྐུལ་ཞུ་དོན་དུ་“༧གོང་ས་མཆོག་གིས་ག་དུས་ཡིན་ན་ཡང་རྒྱ་གར་ན་ལེནྡྲའི་ལྟ་གྲུབ་དེ་རྒྱ་གར་ནང་ལ་བསྐྱར་གསོ་བྱེད་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་དུས་རྟག་ཏུ་གསུང་གི་ཡོད་སྟབས། ན་ལེནྡྲ་ཆེན་མོའི་སྔོན་མའི་ལྟ་གྲུབ་གང་ཡོད་པ་དེ་བོད་ནང་ལ་ལོ་སྟོང་ཕྲག་རིང་མི་ཉམས་གོང་འཕེལ་ཐོག་གནས་ཐུབ་ཡོད་དུས། དེ་རྒྱ་གར་ནང་དར་སྤེལ་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེའི་ཐོག་བོད་མི་ཚང་མས་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
དེ་རྗེས་དྷ་སའི་ཉེ་འགྲམ་ཀ་ཅཱ་རི་ཉེན་རྟོག་པའི་རྩེད་ཐང་སྟེང་དུ་རྒྱ་གར་རང་བཙན་ཉིན་མོའི་དྷ་སའི་རྒྱ་གར་གྱི་གཞུང་འབྲེལ་མཛད་སྒོ་འཚོག་རྒྱུ་ཡིན་འདུག་ཅིང་། དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཁག་ཅིག་ཕེབས་བཞིན་ཡོད་པ་མ་ཟད་བོད་མི་ཁག་ཅིག་ཀྱང་མཉམ་ཞུགས་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།