བོད་མི་དང་ཡུ་གུར་བ། ཧྥ་ལོང་ཀོང་ཉམས་ལེན་པ་བཅས་ཀྱིས་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ།
རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཨོ་སི་ཀྲོ་ལི་ཡར། ཉིན་ལྔའི་རིང་སྐོར་སྐྱོད་དུ་སླེབས་པ་དང་བསྟུན། ཟླ་འདིའི་ཚེ་༢༣ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཁང་གི་མདུན་དུ་བོད་མི་དང་ཡུ་གུར་བ། ཧྥ་ལོང་ཀོང་ཉམས་ལེན་པ་བཅས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར་རྟེན་གཞི་བྱས་པའི་གྲོས་ཚོགས་ཁང་གི་མདུན་དུ། གནས་སྡོད་བོད་མི་རྣམས་ཀྱིས་དུག་ལོག་ནག་པོ་གྱོན་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱས་བཞིན་པ་དང་ཨོ་སི་ཀྲོ་ལི་ཡའི་སྤྱི་ཚོགས་ནང་དེའི་ཤུགས་རྐྱེན་ཐེབས་བཞིན་པའི་སེམས་འཚབ་མངོན་ཆེད། བོད་མི་ཚོས་རྒྱ་ནག་ནང་ཕན་ཚུན་དངུལ་གྱི་ལག་རྟགས་སྤྲོད་བྱེད་ཁུག་དམར་ཞེས་པའི་ཤོག་དམར་གྱི་ཡིག་ཁུག་མང་པོ་ཞིག་ས་ལ་གཡུགས་ནས་ངོ་རྒོལ་བྱས་ཡོད་འདུག དེ་བཞིན་ཁུག་དམར་ས་ལ་གཡུག་པའི་ལས་འགུལ་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཤུགས་རྐྱེན་ལ་བརྟེན་ནས་ཨོ་སི་ཀྲོ་ལི་ཡའི་མི་མང་གིས་ཆེ་མཐོང་བྱེད་བཞིན་པའི། སྒེར་གྱི་རང་དབང་དང་། འདྲ་མཉམ། ཁྲིམས་ཀྱི་དབང་སྒྱུར། གྲོས་ཚོགས་ཀྱི་མང་གཙོའི་ལམ་ལུགས་བཅས་རྩིས་མེད་མི་བྱེད་པ་དང་བྱེད་མི་རུང་བའི་བརྡ་སྤྲོད་ཆེད་ཡིན་འདུག
སྐབས་དེར་ཁེན་བྷེ་རའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆོས་སྒྲོན་གྱིས་བརྒྱུད་ལམ་ཁག་ཏུ། ཨོ་སི་ཀྲོ་ལི་ཡའི་གཞུང་གིས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དང་མཉམ་དུ། བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སླེང་བྱེད་དགོས་སྐོར་བརྗོད་ཡོད་འདུག དེ་བཞིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་མེ་ཁེལ་ཌེན་བྷེ། གྲོས་ཚོགས་འཐུས་མི་ལི་ས་སིངྒ་དང་སེ་ཁོ་ཌེ་ལུ་ཌེ་ལམ་བཅས་ཀྱིས། ངོ་རྒོལ་སྐད་འབོད་དེར་རྒྱབ་སྐྱོར་མཚོན་ཆེད་སླེབས་ནས་གཏམ་བཤད་བྱས་ཡོད་འདུག དེ་བཞིན་ཚེས་༢༢ ཉིན་གྱི་དགོང་མོར་རྒྱ་ནག་གི་སྲིད་བློན་མགྲོན་ཁང་གི་ལྟག་སྒོ་ནས་འཛུལ་སྐབས། བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
ཤར་ཏུར་ཀིའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཱ་ཇི་ཌེ་ཡིས། རྒྱ་ནག་གིས་ཁོ་ཚོའི་ས་ཆ་དང་རང་བྱུང་ཐོན་ཁུངས་འཕྲོག་བཅོམ་བྱས་པ་མ་ཟད། ཆོས་ལུགས་རང་དབང་དང་སྐད་ཡིག་རང་དབང་། སྤྱི་དམངས་རང་དབང་། ཆབ་སྲིད་རང་དབང་བཅས་སྤྲོད་ཀྱི་མེད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
རྒྱ་ནག་གི་སྲིད་བློན་ལ་རྒྱབ་སྐྱོར་དང་མཚམས་འདྲི་བྱེད་པར་ཡོང་མཁན་རྒྱ་རིགས་སློབ་མ་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱ་ནག་གི་རྒྱལ་དར་ཁྱེར་བ་དང་། སྟོད་ཐུང་དམར་པོ་གྱོན་ནས་སླེབས་ཡོད་འདུག སྐབས་དེར་རྒྱ་ནག་གི་སློབ་མ་དང་ཤེས་ཡོན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཕིང་ལུ་ཡིས་བརྒྱུད་ལམ་ཁག་ཏུ། ཁོ་ཚོར་རྒྱ་ནག་གི་གཞུང་ཚབ་ཁང་གིས་རྒྱལ་དར་དང་། ཞོགས་ཟས། ཉིན་གུང་ཁ་ལག་བཅས་ལ་མཐུན་རྐྱེན་སྦྱར་གྱི་ཡོད་ཀྱང་། ལས་འགུལ་དེ་ནི་སློབ་མའི་ལས་འགུལ་རྐྱང་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག
རྒྱ་ནག་གི་སྲིད་བློན་གྱིས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་སུ་གཏམ་བཤད་བྱེད་སྐབས། སྔར་གྲང་དམག་གི་གནས་སྐབས་ལྟར་རྒྱལ་ཁབ་ཁག་གིས་ཕྱོགས་ཞེན་བྱས་པ་ལྟར། ད་ལྟའི་གནས་སྐབས་སུ་དེ་ལྟར་བྱས་ཚེ་མོས་མཐུན་མེད་པ། དེ་བཞིན་རྒྱ་ནག་གིས་ཕྱི་སྲིད་སྲིད་ཇུས་ཞི་བ་དང་རྒྱལ་ཁབ་ཀྱི་རིག་གཞུང་དང་མཐུན་པའི་འཛུགས་སྐྲུན་བྱ་རྒྱུར་འབད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་མེལ་ཁོམ་ཀྲན་སྦུལ་དང་རྒྱ་ནག་གི་སྲིད་བློན་གཉིས་བར་ཐུག་འཕྲད་བྱས་རྗེས། ཨོ་སི་ཀྲོ་ལི་ཡ་ནས་རྒྱ་ནག་ལ་གླང་ཤ་ཕྱིར་འདྲེན་གྱི་ཚོང་འབྲེལ་གྲོས་མཐུན་བྱུང་སྐོར་གསལ་བསྒྲགས་བྱས་ཡོད་འདུག
སྲིད་བློན་ལི་ཁེ་ཆང་གི་ཨོ་སི་ཀྲོ་ལི་ཡའི་ནང་གི་སྐོར་སྐྱོད་དེ་ནི་ལོ་༡༡ རྗེས་རྒྱ་ནག་གི་སྲིད་བློན་ཞིག་དེ་གར་སླེབས་པ་ཐེངས་དང་པོ་དང་། ཕྱི་ལོ་༢༠༡༤ ཡི་རྗེས་རྒྱལ་ཁབ་དེར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཅིག་སླེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།