བོད་མི་དབྱར་རྩྭ་སྐོ་མཁན་ཞིག་རྒྱ་ནག་གི་ཉེན་རྟོག་པས་བསད་འདུག
ཉེ་ཆར་ཁམས་སྡེ་དགེ་རྫོང་། རྫ་ཁོག་ཡུལ་ཚོའི་བོད་མི་གཡུ་འབྲུག་ཉི་མ་ཞེས་པ་དབྱར་རྩ་དགུན་འབུ་བསྐོ་སའི་ལམ་བར་ནས་རྒྱ་ནག་གི་ཉེན་རྟོག་པས་འཇུས་ཏེ། རྡུང་རྡེག་བཏང་ནས་བསད་ཡོད་པའི་གནས་ཚུལ་འདུག
ཟླ་འདིའི་ཚེས་༢༩ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ཟླ་༦ ཚེས་ ༢༠ ཙམ་ན་སྡེ་དགེ་རྫོང་། རྫ་ཁོག་ཡུལ་ཚོ། ཟམ་ཁ་སྡེ་བའི་སྐྱེས་པ་གཡུ་འབྲུག་ཉི་མ་ཞེས་པ་དབྱར་རྩྭ་དགུན་འབུ་བསྐོ་སའི་ལམ་བར་ནས། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུས་ཏེ་ར་ཁོག་ཡུལ་ཚོ་ལ་ཁྲིད་པ་དང་། ཁོང་ལ་མེ་མདའ་ཉར་ཡོད་པའི་ནག་ཉེས་བཙུགས་ཏེ། རྡུང་རྡེག་ཚབ་ཆེན་བཏང་རྗེས། སྡེ་དགེ་རྫོང་དུ་ཁྲིད་སྐབས་ལབ་བར་ནས་གྲོངས་ཡོད་འདུག
ཁོང་གི་ཕ་མིང་ལ་གཡང་དགའ་དང་། མ་མིང་ལ་མ་མགོ་གྲོད་ཟེར་གྱི་ཡོད་པ་དང་། རང་ལོ་ ༤༠ ཙམ་ཡིན་འདུག འབྲེལ་ཡོད་ཀྱིས་བརྗོད་པ་ལྟར་ན། གནས་ཚུལ་དེའི་ཆེད་དུ་ད་ལྟ་མི་མང་དང་གཞུང་གི་བར་རྩོད་གླེང་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།