བོད་མི་ན་གཞོན་གཞས་པ་ཞིག་ལ་རྒྱལ་སྤྱིའི་བྱ་དགའ་ཞིག་ཐོབ་འདུག 

ཨ་རིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་གི་ཐོག་ཏུ། བཙན་བྱོལ་དུ་ཡོད་པའི་ན་གཞོན་གཞས་པ་བུ་ཆུང་གི་གཞས་ཀྱི་བརྙན་ཐུང་བརྩེ་དུང་ཞེས་པ་དེར། རྒྱལ་སྤྱིའི་གཞས་ཀྱི་བརྙན་ཐུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག 

དེ་ཡང་ཟླ་༡ པོའི་ཚེས་༩ ཉིན་གཞས་པ་བུ་ཆུང་གིས་སྤྱི་ཚོགས་དྲ་ལམ་ཡུ་ཊོབ་ཐོག་ཏུ། ཕྱི་ལོ་༢༠༢༠ ལོའི་མེན་ཧེ་ཀྲེན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(International Film Festival) སྐབས་སུ། ཁོང་གི་གཞས་ཀྱི་བརྙན་ཐུང་བརྩེ་དུང་ཞེས་པ་དེར། རྒྱལ་སྤྱིའི་གཞས་ཀྱི་བརྙན་ཐུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པར་ཤིན་ཏུ་དགའ་སྤོབས་ཡོད་པ་དང་། ཐེངས་འདིའི་བྱ་དགའ་དེ་ནི་གློག་བརྙན་དུས་སྟོན་དེས་བོད་མི་སྒྱུ་རྩལ་བ་ཞིག་གི་ནུས་རྩལ་དང་བྱ་གཞག་ལ་ངོས་འཛིན་བྱས་པ་ཐེངས་དང་པོ་ཡིན་པ། བྱ་དགའ་དེ་ལ་བརྟེན་ནས་ཁོང་གིས་དགའ་མོས་བྱེད་ཡུལ་གཞས་སྣ་དང་རོལ་དབྱངས་ཐོག་ཏུ་འབད་བརྩོན་ཤུགས་ཆེ་རུ་བྱེད་རྒྱུ་ཡིན་ཁར། བྱ་དགའ་དེས་བོད་མི་སྒྱུ་རྩལ་བ་དང་སྒྱུ་རྩལ་བ་ཆགས་འདུན་ཡོད་མཁན་ཚོར་སེམས་འགུལ་ཐེབས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་བྱ་དགའ་དེ་༧གོང་ས་མཆོག་གཙོས་པའི་ཕ་མ་གཉིས་དང་། གློག་བརྙན་བཟོ་སྐྲུན་གྱི་སྦྱིན་བདག གཞས་ཀྱི་བརྙན་ཐུང་འཁྲབ་ཡུལ་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་ལས་བྱེད་དང་སློབ་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་བརྗོད་འདུག 

བུ་ཆུང་གི་གཞས་བརྩེ་དུང་ཞེས་པ་དེ་ད་ལྟའི་ཆར་ཡུ་ཊོབ་(YouTube) ཐོག་ཏུ་ཐེངས་འབུམ་གཉིས་དང་ཁྲི་དགུ་མ་ཟིན་ཙམ་བལྟས་འདུག་པ་དང་། ཕྱི་ལོ་༢༠༡༧ ལོར་ཁོང་གི་གཞས་རྨི་ལམ་ཞེས་པ་དེར་དགའ་མོས་བྱེད་མཁན་མང་པོ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།