བོད་མི་ན་གཞོན་ཤེས་ཡོན་པ་དཔལ་མགོན་གློད་བཀྲོལ་བཏང་ཡོད་ནའང་མུ་མཐུད་དམ་དྲག་དང་ལྟ་ཞིབ་འོག་ཡོད་པར་བརྗོད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།

རྒྱ་ནག་གཞུང་གིས་བོད་ནང་གི་ན་གཞོན་ཤེས་ཡོན་པ་དང་རྩོམ་པ་པོ་སོགས་བོད་ཀྱི་སྤྱི་ཚོགས་ཁྲོད་ནུས་པ་ཡོད་མཁན་གྱི་མི་མང་པོ་ཞིག་འཛིན་བཟུང་ཡང་ཡང་བྱེད་ཀྱི་ཡོད་པ་བཞིན། ཕྱི་ལོ་༢༠༢༢ ལོར་འཛིན་བཟུང་བྱས་པའི་ན་གཞོན་ཤེས་ཡོན་པ་དཔལ་མགོན་ད་ཆར་བཙོན་གྲོལ་ཐོབ་ཡོད་འདུག་ཀྱང་། ད་དུང་རྒྱ་ནག་གཞུང་གི་དམ་དྲག་འོག་མྱོང་བཞིན་ཡོད་པར་བརྗོད་འདུག 

ཕྱི་ཚེས་༣༠ ཉིན་ཨེ་ཤེ་ཡའི་རང་དབང་རླུང་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ལོའི་ཕྱི་ཟླ་༡༡ ནང་རྒྱ་ནག་གཞུང་གིས་དེ་སྔར་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྔོ་སྨོན་ཞུས་པའི་ཉེས་མིང་འོག་འཛིན་བཟུང་རྗེས། ད་བར་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་ན་གཞོན་ཤེས་ཡོན་པ་དཔལ་མགོན་ལགས་ཀློད་བཀྲོལ་བཏང་ཡོད་ན་ཡང་། ད་ལྟའི་ཆར་མུ་མཐུད་ཁོང་གི་འགྲོ་འདུག་ཐད་ལྟ་རྟོག་དང་། མི་གཞན་ལ་འབྲེལ་འདྲིས་མི་ཆོག་པ་སོགས་ཀྱི་དམ་དྲག་འོག་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་དེ་གའི་གསར་ཁང་ལ་འགྲེལ་བརྗོད་བྱས་པར་བརྗོད་འདུག 

བོད་མི་ན་གཞོན་ཤེས་ཡོན་པ་དཔལ་འགོན་ནི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་འདུག་པ་དང་། ཕྱི་ལོ་༢༠༢༢ ཟླ་བ་༨ ཙམ་ནང་རྒྱ་ནག་གཞུང་གིས་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྔོ་སྨོན་ཞུས་སྐོར་གྱི་ཉེས་མིང་འོག་རང་ཁྱིམ་ནས་འཛིན་བཟུང་རྗེས། འདས་པའི་ལོ་༣ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་པ་དང་། ད་ཆར་ཁོང་གློད་བཀྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་ཡོད་པ་ལས། ས་གནས་གང་དུ་བཙོན་མཇུག་བྱས་མིན་གཙོས་ཁོང་གི་འཕྲོད་བསྟེན་གནས་སྟངས་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པར་འགྲེལ་བརྗོད་བྱས་འདུག

ཁོང་གིས་ཕྱི་ལོ་༢༠༢༤ ལོར་རྒྱ་ནག་གཞུང་གིས་སྒོ་བརྒྱབས་ཟིན་པའི་བོད་ནང་གི་སྒེར་གཉེར་སློབ་གྲྭ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གཉེར་བྱས་ཡོད་འདུག་པ་དང༌།  ཕྱི་ལོ་༢༠༢༡ ལོ་ནས་མགོ་ལོག་པདྨ་རྫོང་གི་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ཀྱང་། རྗེས་སུ་དགེ་རྒན་ནས་དགོངས་པ་ཞུས་ཏེ་རང་ངོས་ནས་དཔེ་ཀློག་དང་རྩོམ་རིག་བྲིས་ནས་སྡོད་ཀྱི་ཡོད་འདུག་ལ། ནམ་རྒྱུན་སྤྱི་ཚོགས་དྲྭ་ལམ་སྐད་འཕྲིན་སོགས་སུ་རྩོམ་རིག་སྣ་ཚོགས་འབྲི་མཁན་ཞིག་ཡིན་ནའང་། སྐད་འཕྲིན་རྒྱབ་ལྗོངས་བཀག་འགོག་གིས་རྩོམ་ཡིག་ཁག་རྙེད་སོན་ཐུབ་ཀྱི་ཡོད་མི་འདུག

སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་བོད་མི་མང་དག་ཅིག་འཛིན་བཟུང་དང་། ལྷག་པར་དུ་བོད་མི་ཤེས་ཡོན་ཅན་ཚོར་ཉེས་མིང་འདྲ་མིན་འོག་བཙོན་འཇུག་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༤ ནང་རྔ་བ་ཀིརྟིའི་དགོན་གྱི་དགེ་འདུན་པ་རྭ་ཆུང་དགེ་འདུན་དང་། དགེ་བཤེས་བསོད་ནམས་རྒྱ་མཚོ་གཉིས་ནས་༸གོང་ས་མཆོག་ལ་བསྔོ་སྨོན་ཕུལ་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཉིས་ནས་གསུམ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བོད་མི་ཤེས་ཡོན་པ་དྷི་ལྷ་ལྡན་དང་། རོང་བོ་དགེ་འདུན་ལྷུན་གྲུབ། སྒོ་ཤེས་རབ་རྒྱ་མཚོ། རོང་བོ་གངས་དཀར་སོགས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།