བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས།

_MG_5333ཟླ་འདིའི་ཚེས་༣༠ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་ཤོག་འཕངས་ཡོད་པ་དང་། ཚོགས་གཞོན་ཟུར་པ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། ཚོགས་གཙོ་ཟུར་པ་པདྨ་འབྱུང་གནས་གཉིས་འོས་གྲངས་གཅིག་པ་ཆགས་ནས། ལོ་གཉིས་དང་ཕྱེད་ཀ་རིང་ལ་རེས་མོས་བྱེད་རྒྱུ་དང་། ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལ་མང་མོས་ཐོབ་ཡོད་པ་རེད།

དེ་ཡང་ཉིན་དེའི་སྔ་དྲོ་སྤྱི་འཐུས་རྣམས་ཀྱིས་བར་བརྒལ་ཚོགས་གཙོའི་མདུན་ནས་ལས་ཁུར་དམ་འབུལ་ཞུས་པ་དང་། ཕྱི་ཚོགས་གཙོར་འོས་འཕེན་སྐབས། སྔོན་འགྲོའི་འོས་བསྡུ་ཚར་པ་དང་།

DSC00044
བསོད་ནམས་བསྟན་འཕེལ།

དངོས་གཞིའི་ནང་འོས་མི་གསུམ་བཀྲམ་པའི་ནང་ནས། པད་མ་འབྱུང་གནས་ལ་འོས་༢༡ དང་། བསོད་ནམས་བསྟན་འཕེལ་ལ་༢༡། ཡེ་ཤེས་ཕུན་ཚོགས་ལ་༢ ཐོབ་ཡོད་པ་རེད། འོས་ཤོག་གཅིག་གི་ཐོག་གུག་རྟགས་དང་ཐམ་ཀ་གཉིས་ཀ་བརྒྱབ་ཡོད་པ་དང་། གཅིག་གི་ཐོག་ནག་ཐིག་ཅིག་ཕབ་ཡོད་པས། འོས་བསྡུ་ལས་ཁང་དང་ཟུར་དཔང་པ་ཚོས་འོས་རྟགས་བརྒྱབ་པའི་ཁོངས་སུ་བརྩི་དགོས་མིན་དང་། རྩིས་འགྲོ་གཏོང་དགོས་མིན་ལ་རྩོད་གླེང་ཅུང་བྱུང་ཡོད་ནའང་། མཐར་རྩིས་འགྲོར་བཏང་ཡོད་པ་རེད།

fghjyutre
པདྨ་འབྱུང་གནས།

བསྐྱར་དུ་མང་མོས་རྩེ་བཏོག་གཉིས་ལ་འོས་འཕེན་སྐབས། པད་མ་འབྱུང་གནས་ལ་འོས་༢༢ དང་། བསོད་ནམས་བསྟན་འཕེལ་ལ་༢༢ ཐོབ་ཡོད་ཐོབ་སྟེ། བསྐྱར་དུ་འོས་བསྡུ་བྱས་སྐབས་འོས་གྲངས་རང་སོར་ཆགས་པར་བརྟེན། སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་ཚོགས་ནས། སྔོན་ལ་ལོ་གཉིས་དང་ཕྱེད་ཀའི་རིང་བསོད་ནམས་བསྟན་འཕེལ་གྱིས་ཚོགས་གཙོ་དང་། དེ་རྗེས་པདྨ་འབྱུང་གནས་ཀྱིས་ཚོགས་གཙོ་གནང་རྒྱུ། དེའི་རིང་ཁོང་གཉིས་ཀྱི་ལས་གནས་ལ་འགྱུར་བ་སོང་ཚེ། ལོ་གཉིས་དང་ཕྱེད་ཀྱི་རྗེས་ནས་བསྐྱར་དུ་ཚོགས་གཙོ་འདེམས་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།།

yeshiphuntsok
ཡེ་ཤེས་ཕུན་ཚོགས།

ཚོགས་གཞོན་གྱི་སྔོན་འགྲོའི་འོས་བསྡུ་ཚར་རྗེས། དངོས་གཞིའི་འོས་མི་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལ་འོས་༣༨ དང་། སྒྲོལ་མ་ཚེ་རིང་ལ་འོས་༤། ཐུབ་བསྟན་ལུང་རིག་ལ་འོས་༢ བཅས་ཐོབ་སྟེ། ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མང་མོས་ཀྱིས་ཚོགས་གཞོན་ལ་འོས་འདེམས་བྱུང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།