བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོག་བཞིན་འདུག

ཟླ་འདིའི་ཚེས་༡༤ ཉིན་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་འགོ་འཛུགས་བྱས་པ་དང་། ཉིན་ལྔའི་རིང་གི་ཚོགས་དུས་དེ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༠ དང་༢༠༢༡ ལོའི་ལས་བསྡོམས་གྲོས་ཚོགས་དེ་ཡིན་པ་རེད། ཐེངས་འདིའི་ལས་བསྡོམས་ཚོགས་འདུ་དེ་སྤྱི་ཚོགས་ཀྱི་གནས་སྟངས་འདྲ་མིན་རྐྱེན་གྱིས་ད་སྔ་བར་འཚོགས་མ་ཐུབ་སྐོར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ངོ་སྤྲོད་གནང་སོང་།

tibet.net

གྲོས་ཚོགས་ཀྱི་ཉིན་དང་པོར་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་འདུ་འགོ་འཛུགས་ཀྱི་གཏམ་བཤད་གནང་སྐབས། ཆབ་སྲིད་ཀྱི་གནས་སྟངས་ང་ཚོའི་གནས་བབས་དང་འབྲེལ་ནས་གླེང་སློང་དགོས་པ་དང་། བོད་ནང་དུ་རྒྱ་ནག་གཞུང་གི་དམ་དྲག་ཤུགས་ཆེན་ཡོད་པས། བོད་མི་མང་པོ་འཇུ་བཟུང་བྱས་ཡོད་སྐོར་གསུངས་པ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས་ལ་འགྱུར་བ་འགྲོ་ཡི་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་ཆབ་སྲིད་གནས་བབས་ཀྱང་འགྱུར་བ་འགྲོ་དགོས་པ་ཞིག་རེད་དེ། རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་དབང་འཛིན་པ་ཁག་ཅིག་འགྱུར་བ་འགྲོ་རྒྱུ་ཡིན་པ་དང་། ཁག་ཅིག་མུ་མཐུད་གནས་རྒྱུ་ཡིན་པའི་གླེང་སློང་ཡོད་སྐོར་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་། དཔལ་འབྱོར་གྱི་འགྱུར་ལ་བལྟས་ནས་བོད་ནང་གི་གནས་སྟངས་ལ་རྒྱུས་ལོན་དང་། རྒྱལ་སྤྱིའི་ནང་དུས་ཚོད་དང་མཐུན་པའི་ཞུ་གཏུག་དགོས་སྐོར་གསུངས་སོང་། དེ་བཞིན་ཚོགས་གཙོས་རྒྱ་གར་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་ཐུབ་ཡོད་པ་དང་། བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱལ་སྤྱིའི་ནང་ཆེ་མཐོང་ལྡན་པའི་བོད་དོན་རྒྱབ་སྐྱོར་བ་འཚོལ་སྒྲུབ་དགོས་སྐོར་གསུངས་སོང་། ཐེངས་འདིའི་གྲོས་ཚོགས་ནི་༢༠༢༠ དང་༢༠༢༡ ལོའི་ལས་བསྡོམས་ཡིན་ནའང་། སྤྱི་ཚོགས་ཀྱི་གནས་སྟངས་འདྲ་མིན་རྐྱེན་གྱིས་ད་སྔ་བར་འཚོགས་མ་ཐུབ་སྐོར་ཡང་ངོ་སྤྲོད་གནང་སོང་།

གྲོས་ཚོགས་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་གྱི་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།

ཉམས་པ་སླར་གསོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ། ཐེངས་འདིའི་གྲོས་ཚོགས་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་གྲོས་ཆོད་ཡིག་ཆ་ཨང་༣༩ པ་དེ་ལག་བསྟར་དགོས་པ་དང་། ད་ལྟའི་ལས་གནས་ཐོག་གི་ཁྲིམས་ཞིབ་པ་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ཡོད་པས། དགོངས་པ་ཞུ་དགོས་སྐོར་གྱི་འབོད་སྐུལ་ལས་འགུལ་སྤེལ་གྱི་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།