བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྦེལ་ཇམ་དང་ཡུ་རོབ་གྲོས་ཚོགས་སོགས་ལ་བོད་དོན་ཞུ་སྐུལ་ཆེད་ཕེབས་ཡོད་པ་བཞིན། ད་ཆར་སྦེལ་ཇམ་ནས་བོད་དོན་ཞུ་སྐུལ་གྱི་ལས་རིམ་གྲུབ་ནས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་བཞིན་ཡོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བའི་གནས་ཚུལ་ལྟར་ན།
ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན། དེ་བཞིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་བཅས་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་བོད་དོན་ཞུ་སྐུལ་སླད་ཕེབས་ཡོད་པ་ལྟར། ཕྱི་ཚེས་ ༢༨ ཉིན་ཚོགས་མི་རྣམ་པ་སྦེལ་ཇམ་རྒྱལ་ས་སྦར་སིལ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་བྱུང་འདུག་པ་དང་། སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་ལས་བྱེད། བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། ས་གནས་གཞོན་ནུ་དང་ཆུ་བཞི་སྒང་དྲུག་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཡོད་འདུག
ཉིན་གུང་དུ་ཡུ་རོབ་གྲོས་ཚོགས་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊོ་མ་སེ་ ཛི་དྷི་ཁོ་ཝི་ཀི་མཆོག་དང་མཇལ་འཕྲད་ཀྱིས་ལོ་རྒྱུས་ཐོག་བོད་རང་བཙན་གྱི་གནས་བབ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ངོ་སྤྲོད་དང་། ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། བོད་དོན་ཐོག་གྲོས་ཆོད་འཇོག་གནང་ཡོང་བ། ལྷག་པར་དུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་དགོས་སྐོར་དང་། ཡུ་རོབ་གྲོས་ཚོགས་ཀྱི་འགན་འཁྲི་སོགས་ཀྱི་སྐོར་ཞུས་གནང་འདུག་པ་དང་། སྐུ་ཞབས་ཁོང་གིས་ཀྱང་བོད་ཀྱི་རང་དབང་རང་བཙན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་སྐོར་དང་། འབྲེལ་ཡོད་སྲིད་གཞུང་ཁག་ལ་ཡང་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་སྐུལ་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་འདུག

ཕྱི་ཚེས་ ༢༩ ཉིན་སྐུ་ཚབ་ཚོགས་ཆུང་གིས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་ལྕམ་སྐུ་ཧི་ལེ་ནཱ་ བྷེར་ཇེ་ལགས་དང་མཇལ་འཕྲད་ཞུས་ཏེ་གོང་ལྟར་བོད་དོན་ཞུ་སྐུལ་གནང་ཡོད་འདུག རིམ་གྱིས་སྦེལ་ལ་རུ་སི་ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སྐུ་སི་ཝེ་ཏྲེ་ལ་ཎ་ སི་ཁ་ནོ་སི་ཁཱ་ཡཱ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ནཱི་ཀོ་ལེ་ཏྲ་ པུ་སི་ཏྲེ་ལ་ལགས། གཞན་ཡང་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ལས་བྱེད་སྐུ་ཞབས་གྷར་གྱ་དང་ཡུ་རོབ་གྲོས་ཚོགས་འཐུས་མི་དང་། ཀ་ཏྲི་ལུ་ན་ཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཀར་ལེས་ པུར་ཇེ་ཌེ་མོན་ཊི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཡིག་ཆ་ཁག་ཕུལ་བ་དང་བོད་དོན་ངོ་སྤྲོད། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་སྐོར། ཡུ་རོབ་གྲོས་ཚོགས་ཀྱི་འགན་འཁྲི་སོགས་ཀྱི་སྐོར་སྙན་སེང་ཞིབ་ཅིང་རྒྱས་པ་ཞུས་གནང་འདུག་པ་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱིས་ཀྱང་བོད་ཀྱི་དཀའ་ངལ་ནི་རྒྱ་ནག་གིས་བོད་པའི་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ཞིག་ཡིན་པས། རྒྱ་ནག་ལ་ཁ་གཏད་བཅག་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་ངེས་ཡིན་སྐོར་སོགས་གསུངས་འདུག་པ་མ་ཟད། བོད་དོན་ཐོག་ཕྱག་ལས་གནང་ཕྱོགས་དང་མ་འོངས་པའི་འཆར་གཞི་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།