བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་གིས་བོད་དོན་ཞུ་སྐུལ་གནང་དང་གནང་བཞིན་པ།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་བགོས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་སླད་དུ་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་བསྐྱངས་ཡོད་པ་ལྟར།
སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག ཕྱི་ཟླ་ ༨ ཚེས་ ༡༢ ནས་ ༢༥ བར་རྒྱ་གར་ར་ཇ་སི་ཐན་དང་། གུ་ཇ་ར་ཏིའི་མངའ་སྡེ་གཉིས་ཀྱི་ནང་དུ་བོད་དོན་ཞུ་སྐུལ་ཆེད་ཕེབས་ཡོད་པ་བཞིན། ཕྱི་ཟླ་༨ ཚེས་༢༤ ཉིན་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་ཡོད་པ་དང་། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག ཕྱི་ཟླ་ ༨ ཚེས་ ༡༥ ནས་ ༢༤ བར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་དང་། ཀེ་ར་ལ་མངའ་སྡེ་གཉིས་སུ་བོད་དོན་ཞུ་སྐུལ་ཆེད་ཕེབས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཀེ་ར་ལ་ནས་མཇུག་གྲུབ་ཡོད་འདུག


 དེ་བཞིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས།  སྤྱི་འཐུས་བཀྲ་ཤིས་དོན་གྲུབ
་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག ཕྱི་ཟླ་ ༨ ཚེས་ ༡༢ ནས་ ༣༠ བར་རྒྱ་གར་ཨོ་ཌི་ཤ་དང་། ནུབ་བྷེང་གྷལ། འབྲས་ལྗོངས་མངའ་སྡེ་བཅས་ཀྱི་ནང་དུ་བོད་དོན་ཞུ་སྐུལ་ཆེད་ཕེབས་ཏེ། ཕྱི་ཟླ་༨ ཚེས་༣༠ ཉིན་སྒང་ཏོག་ནས་བོད་དོན་ཞུ་སྐུལ་མཇུག་གྲུབ་ཡོད་འདུག གཞན་ཡང་
སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག ཕྱི་ཟླ་ ༨ ཚེས་ ༢༧ ནས་ཕྱི་ཟླ་ ༩ ཚེས་ ༡༢ བར་རྒྱ་གར་བྱང་ཕྱོགས་ཇ་མུར་དང་ཀ་ཤི་མིར། ཤྲཱི་ན་གྷར། ལ་དྭགས་བཅས་སུ་བོད་དོན་ཞུ་སྐུལ་གྱི་ལས་དོན་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

སྐུ་ཚབ་ཚོགས་ཆུང་ཁག་གིས་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་དང་། གཙུག་ལག་སློབ་ཆེན་ཁག དེ་བཞིན་སློབ་དཔོན་ཆེན་མོ། སློབ་ཕྲུག གསར་འགོད་པ། ཁྲིམས་རྩོད་པ། སོགས་གལ་ཆེའི་གནད་ཡོད་མི་སྣ་རྣམས་དང་རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ། སྤྱི་ལྷན་གྱི་ཞུ་ཡིག་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་དང་དྲན་རྟེན་གྱི་ཕྱག་རྟགས་འབུལ་བ། གསར་འགོད་ལྷན་ཚོགས་བསྐོངས་པ། གཞན་ཡང་ས་གནས་ཁག་གི་བོད་པ་དང་བོད་པའི་ཁྲོམ་ས་སོགས་སུ་གཟིགས་སྐོར་གནང་དང་གནང་བཞིན་ཡོད་པ་རེད། ཉེ་ཆར་རྒྱ་གཞུང་གིས་ཨ་རུ་ན་ཅལ་གྱི་ས་གནས་ཁག་༡༡ གི་མིང་གསར་བཟོ་བྱས་ཏེ་ས་གནས་དེ་དག་དང་ལ་དྭགས་ཀྱི་ས་མཚམས་ Aksai Chin ཨཀ་སེ་ཆིན་བཅས་རྒྱ་ཁོངས་ཡིན་པར་སྟོན་པའི་ས་ཁྲ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེ་བཞིན་ཨཀ་སེ་ཆིན་ཞེས་པར་འཛུགས་སྐྲུན་རྒྱ་བསྐྱེད་གཏོང་བཞིན་པར་བརྟེན།  རྒྱ་གར་གཞུང་དང་གལ་ཆེའི་མི་སྣ་དག་གིས་དེ་ལ་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་པ་ལྟར། ཇ་མུར་དང་ཀ་ཤི་མིར་ཕྱོགས་སུ་ཕེབས་མཁན་སྤྱི་འཐུས་རྣམ་པར་དེ་གའི་རྒྱ་གར་གསར་འགོད་པ་ཚོས་ས་ཁྲ་དང་ས་མཚམས་འབྲེལ་བཅར་འདྲི་བྱེད་སྐབས།

རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཞེས་བྱུང་བ་མ་གཏོགས་དོན་དངོས་ཐོག་འཕགས་བོད་ཀྱི་ས་མཚམས་ཡིན་པ་དང་། ས་མཚམས་དེ་དག་རྒྱ་ནག་གི་ཡིན་ཟེར་བའི་ཐོབ་ཐང་མེད་པ། རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་འཕགས་བོད་ས་མཚམས་ཀྱི་ས་ཆ་མང་པོ་ཞིག་བདག་བཟུང་བྱས་དང་བྱེད་མུས་ཡིན་པས་རྒྱ་ནག་གི་ཐོན་རྫས་སོགས་ཉོ་ཚོང་བྱ་རྒྱུ་མཚམས་འཇོག་དགོས་པའི་སྐོར་སོགས་ལན་གནང་འདུག



གསར་འགོད་པ་བསྟན་འཛིན་ལམ་བཟང་།