བོད་མི་ཚོས་རྒྱ་གར་དབུས་ས་གཉིས་སུ་ངལ་སེལ་ཆེད་ཞལ་འདེབས་མང་པོ་ཕུལ་བཞིན་འདུག

རྒྱ་གར་ནང་ཏོག་དབྱིབས་ནད་དུག་བཀག་འགོག་དང་། ངལ་སེལ་གྱི་ལས་དོན་ཆེད་དུ་བོད་མིའི་དགོན་སྡེ་དང་ཚོགས་སྒེར་སོགས་ནས་དབུས་དང་མངའ་སྡེ། ས་གནས་བཅས་ཀྱི་ལས་དོན་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཧིན་སྒོར་འབུམ་ཕྲག་མང་པོ་ཞལ་འདེབས་གནང་བཞིན་འདུག

དེ་ཡང་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། ཟླ་༤ པའི་ཚེས་༡༥ ཉིན་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་རིགས་ལམ་སློབ་གཉེར་ཁང་གིས་སྲིད་བློན་མོ་རྡི་ཡི་ཐེབས་རྩར་ཧིན་སྒོར་འབུམ་གཅིག་དང་། ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་འབུམ་གཅིག ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་འབུམ་བཅས་ཀྱི་ཞལ་འདེབས་དང་། དེའི་ཐོག་རྡ་སའི་ཁུལ་གྱི་རྒྱ་གར་ངལ་རྩོལ་བ་དབུལ་པོ་རྣམས་བཟའ་འབྲུ་བགོ་བགྲེམས་ཆེད་དུ་འབུམ་གཅིག་འགྲོ་སོང་གཏོང་རྒྱུ་རེད་འདུག

དེ་བཞིན་ཚེས་༡༡ ཉིན་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གཅིག་ཞལ་འདེབས་གནང་འདུག་པ་དང་། ཟླ་༣ པའི་ཚེས་༣༡ ཉིན་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གིས་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གཅིག་དང་ཁྲི་གཅིག་ཞལ་འདེབས་གནང་འདུག

དེ་བཞིན་ཚེས་༧ ཉིན་རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པས་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་འབུམ་གཅིག་ཞལ་འདེབས་གནང་ཡོད་པ་དང་། ཚེས་༡༥ ཉིན་ཀིརྟི་བྱེས་པ་གྲྭ་ཚང་གིས་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་འབུམ་གསུམ་ཞལ་འདེབས་གནང་འདུག དེ་བཞིན་ཚེས་༡༤ ཉིན་ཚེ་འདས་བླ་སྨན་ཡེ་ཤེས་དོན་ལྡན་ནང་མི་ནས་རྒྱ་གར་དབུས་ས་ཁག་གི་ངལ་སེལ་ཐེབས་རྩར་ཁྱོན་བསྡོམས་འབུམ་༧ ཞལ་འདེབས་གནང་འདུག

གནས་ཆུང་གྲྭ་ཚང་ནས་རྒྱ་གར་གྱི་སྲིད་བློན་དང་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩ་གཉིས་ལ་འབུམ་རེ་རེ་ཕུལ་ཡོད་འདུག

དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ལྔ་དང་དགོན་སྡེ་ཁག བྷེང་ལོར་དུ་གནས་སྡོད་བྱེད་མཁན་བོད་མི་ཚོས་རྒྱ་གར་དབུས་དང་ས་གནས་གཞུང་ལ་ཏོག་དབྱིབས་གཉན་རིམས་ངལ་སེལ་ལས་གཞིར་ཁྱོན་ཞལ་འདེབས་ཧིན་སྒོར་ ༢༠༣༦༥༢༢༨།༠༠ ཕུལ་བ་མ་ཟད།  རྒྱ་གར་ཡུལ་མི་ཉམ་ཐག་དང་།  ཉིན་གླའི་ལས་བྱེད་ཚོར་འབྲས་དང་གྲོ་ཞིབ། བཟའ་སྣུམ། བྱེ་མ་ཀ་ར།  ད་ལི་སོགས་དགོས་མཁོ་ངེས་ཅན་རིགས་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན་པར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ཡུལ་མི་ཚོས་བསྔགས་བརྗོད་རྒྱ་ཆེ་གནང་ཡོད་པའི་གནས་ཚུལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།