བོད་མི་ཚོས་ཨ་རིའི་ཨ་རིའི་འོས་བསྡུའི་ནང་ཆ་ཤས་ལེན་བཞིན་པ།

ཟླ་འདིའི་ཚེས་༥ ཉིན་ནི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཉིན་མོ་ཡིན་པས། ཨ་རིར་ཡོད་པའི་བོད་མི་ཚོས་ཀྱང་རང་ཉིད་ཀྱི་ལངས་ཕྱོགས་འཛིན་སྟངས་དང་བསམ་བློ་གཏོང་སྟངས་དང་བསྟུན་ནས་ཆབ་སྲིད་ཚོགས་པ་སོ་སོའི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱེད་བཞིན་འདུག

པར། འཇིགས་མེད་ཨོ་རྒྱན་གྱི་ངོ་དེབ།

ཟླ་འདིའི་ཚེས་༤ ཉིན་གྱི་དགོང་མོར་ཨ་རིར་གནས་སྡོད་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འཇིགས་མེད་ཨོ་རྒྱན་གྱིས་ཁོང་ཉིད་ཀྱི་ངོ་དེབ་ཐོག་ཏུ་བོད་མི་འོས་འཕེན་པ་རྣམས་ལ། སྐུ་ཞབས་ཊིམ་ཝལ་ཛ་(Tim Walz) ནི་བོད་ལ་གཟིགས་སྐོར་ཕེབས་མྱོང་མཁན་ཞིག་དང་། རྒྱ་ནག་གིས་བཀག་སྡོམ་བྱས་པའི་བོད་ཀྱི་རྒྱལ་དར་བཟུང་ནས་པར་རྒྱག་པའི་སྙིང་སྟོབས་ཡོད་མཁན། ༧གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་མཁན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་རང་དབང་རང་བཙན་(Tibet’s Freedom) གྱི་ཆེད་དུ་སྐད་གསང་མཐོ་ཤོས་སྒྲོག་མཁན་ཞིག་ཡིན་པས། ཐེངས་འདིའི་འོས་བསྡུའི་སྐབས་ཁོང་ལ་རྒྱལ་ཁ་ཐོབ་ན། ཁོང་ནི་ཨ་རི་རྒྱལ་ཁབ་ཀྱི་དབང་ཚད་མཐོ་ཤོས་གཉིས་པ་ཆགས་ཀྱི་ཡོད་པ་བརྗོད་འདུག

སྐུ་ཞབས་ཊིམ་ཝལ་ཛ་ནི་ཕྱི་ལོ་༢༠༡༥ ལོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ནན་སི་པེ་ལོ་སི་ཡིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་དང་རྒྱ་ནག་ནང་ཆེད་ཕེབས་གནང་སྐབས། ཁོང་ཡང་ཚོགས་ཆུང་ནང་ཡོད་འདུག་ལ། ལོ་འདིའི་ཕྱི་ཟླ་༨ པའི་ནང་ཁོང་ཉིད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་ལས་རོགས་སམ་སྲིད་འཛིན་གཞོན་པའི་འོས་མིར་འདེམས་ཐོན་བྱུང་པས། གལ་སྲིད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ། ཁོང་ནི་ཨ་རིའི་ནང་གི་གོ་གནས་མཐོ་ཤོས་གཉིས་པ་སྲིད་འཛིན་གཞོན་པ་ཆགས་ཀྱི་ཡོད་འདུག

དེ་བཞིན་འཇིགས་མེད་ཨོ་རྒྱན་གྱིས་སྲིད་འཛིན་ཟུར་པ་ཊོམ་པོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པ་ནི་འཁྲབ་སྟོན་ཙམ་ཡིན་པ་དང་། ཊོམ་གྱིས་ཚོང་ཟོག་ཐོག་ཁྲལ་མཐོ་པོ་འགེལ་རྒྱུའི་སྐོར་བཤད་པ་དེས་ལྷོ་ཨེ་ཤེ་ཡ་དང་འཛམ་གླིང་ཁྱོན་ཡོངས་ལ་དཔལ་འབྱོར་གྱི་དཀའ་ངལ་བཟོ་སྲིད་པ་དང་། ཊོམ་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་མེད་པས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་སྐོར་རྩ་བ་ནས་བཤད་ཀྱི་མེད་པ། ཊོམ་གྱིས་ལོ་འདིའི་ཕྱི་ཟླ་༧ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བསྔགས་བརྗོད་བྱེད་ཅིང་གྲོགས་པོ་ཉེ་བོ་ཞིག་ལ་བརྩི་བཞིན་ཡོད་པའི་སྐད་ཆ་བཤད་ཡོད་པ་དང་། ཁོང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། ཁོང་ལ་རྒྱ་ནག་ཏུ་དངུལ་ཁང་རྩིས་ཁྲ་(Bank account) ཡོད་པ་མ་ཟད། ཁོང་ཉིད་སྲིད་འཛིན་ཡིན་པའི་སྐབས་སུ། རྒྱ་གཞུང་གིས་ཁོང་ལ་ཉུང་མཐར་ཨ་སྒོར་ས་ཡ༥.༤ ་སྤྲད་ཡོད་པ། ཕྱི་ལོ་༢༠༡༨ ལོར་ཊོམ་གྱིས་རྒྱ་ནག་གི་ངོ་སྲུང་ཆེད་ཨ་རིའི་ཆབ་སྲིད་པ་དང་རྒྱལ་ཚོགས་ནང་ཨ་རིའི་སྐུ་ཚབ་ནེ་ཀེ ཧེ་ལེ་(Nikki Haley) ་༧གོང་ས་མཆོག་དང་མཇལ་འཕྲད་གནང་བཅུག་མེད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག

གཞན་ཡང་ཨ་རིིར་གནས་སྡོད་བྱེད་མཁན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ཀྱིས་སྲིད་འཛིན་ཟུར་པ་ཊོམ་གྱིས་ཕྱི་ལོ་༢༠༡༩ ་ལོར་རྒྱ་ནག་ལ་ཁ་གཏད་ཤུགས་ཆེན་བཅག་ཡོད་པ་དང་། རྒྱ་ནག་ལ་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་པ་དང་། རྒྱ་ནག་ལ་དཀའ་ངལ་འཕྲད་ན་བོད་དོན་ལ་ཕན་ཐོགས་ཡོང་གི་ཡོད་པར་བརྟེན། བོད་མི་ཚོས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱེད་དགོས་ཞེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསུངས་འདུག

དེ་བཞིན་ཟླ་འདིའི་ཚེས་༢ ཉིན་ཨ་རིའི་ནིའུ་ཡོག་རྒྱ་མིའི་ཚགས་པར་ཆེ་ཤོས་འཛམ་གླིང་ཚགས་པར་(World Journal) ཞེས་པའི་ཚགས་ཤོག་གི་མདུན་ངོས་སུ། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ཧེ་རི་སི་དང་འབྲེལ་བའི་གནས་ཚུལ་བཀོད་ཡོད་པ་དང་། ཚགས་པར་དེའི་ཁ་ཕྱོགས་དང་ལྟ་བ། རྒྱ་གཞུང་གི་གཞུང་ཚབ་ཁང་ལ་ཐུབ་ཡོད་པས། བོད་མི་ཚོས་འོས་ཤོག་སུར་འཕེན་དགོས་པ་གསལ་པོ་རེད་ཅེས་གནས་ཚུལ་སྤེལ་མཁན་ཡང་མང་པོ་བྱུང་འདུག

ཟླ་འདིའི་ཚེས་༤ ཉིན་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་ཙམ་མིན་པ། གྲོས་ཚོགས་ཀྱི་འཐུས་མི་ཚོ་ཡང་འོས་འདེམས་བྱེད་ཀྱི་ཡོད་པ་དང་བསྟུན། དཔལ་ལྡན་སྲིད་ཟུར་བློ་བཟང་སེང་གེས་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེག་གྷོ་ཝན་བསྐྱར་དུ་འཐུས་མིར་འདེམས་ཐོན་ཡོང་ཆེད་བོད་མི་ཚོས་ཁོང་ལ་འོས་བསྡུ་དྲིལ་བསྒྲགས་གནང་རོགས་དང་དཔལ་འབྱོར་གྱི་ཞལ་འདེབས་གནང་བའི་འབོད་སྐུལ་ཞུས་འདུག་ལ།  གྲོས་ཚོགས་འཐུས་མི་ཇིམ་མེག་གྷ་ཝན་གྱི་གྲོགས་པོ་བོད་མི་ཨ་རི་བ་ཚོས་(Tibetan American Friends of Congressman Jim McGovern) ་ཁོང་ཉིད་སླར་ཡང་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མིར་བཞེངས་ཀྱི་ཡོད་པ་དང་། ཁོང་ནི་ཡུན་རིང་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་རྣམས་སྲུང་སྐྱོབ་སླད་ཐུགས་ཁུར་ཆེ་བཞེས་གནང་མཁན་དང་རིན་ཐང་དེ་དག་སླར་གསོ་ཡོང་ཐབས་སུ་གླེང་སློང་ཤུགས་ཆེ་གནང་མཁན་གྱི་རླབས་ཆེན་མི་སྣ་ཞིག་ཡིན་པ། ཁོང་ནི་༧གོང་ས་མཆོག་ལ་དགའ་གུས་ཤུགས་ཆེན་ཞུ་མཁན་དང་། བོད་དང་བོད་མིའི་བདེན་དོན་འཐབ་རྩོད་ལ་ལོ་མང་རིང་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ། ད་ལོ་ཨ་རིའི་སྲིད་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱུའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདི་ཨ་རིའི་གྲོས་ཚོགས་གོང་མའི་ནང་ངོས་སྤྲོད་དང་རྒྱབ་སྐྱོར་གནང་མཁན་གཙོ་བོ་གཅིག་ཀྱང་ཡིན་པ་ངོས་འཛིན་གྱིས་ཕྱི་ཟླ་༡༠ ཚེས་༢༨ ནས་ཨ་རིར་གནས་སྡོད་བོད་མི་མང་ཚོགས་ཀྱིས་ཁོང་གི་འོས་བསྡུ་དང་ལས་འགུལ་ཁག་ལ་རྒྱབ་སྐྱོར་དང་ཞལ་འདེབས་བསྡུ་རུབ་བྱེད་བཞིན་འདུག

ཟླ་འདིའི་ཚེས་༥ ་ཉིན་ཧིན་དྷུ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིའི་འོས་བསྡུའི་ནང་འོས་འཕེན་མཁན་ས་ཡ་༡༨༦ ལྷག་ཡོད་པ་དང་། འོས་འདེམས་ཀྱིས་ཨ་རིའི་སྲིད་འཛིན་༤༧ པ་འདེམས་རྒྱུ། ད་ལྟའི་ཆར་ཨ་རི་བ་ས་ཡ་༧༨ ལྷག་གིས་འོས་འཕངས་ཟིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

This will close in 0 seconds