བོད་མི་སྒེར་པ་བཞིས་བོད་རང་བཙན་གོམ་བགྲོད་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག
ཟླ་འདིའི་ཚེས་༡༣ ཉིན་ཏེ། བོད་ཀྱི་ལོ་སར་ཚེས་༢ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་བཞག་ནས་མི་ལོ་༧༠ འཁོར་བར་ངོ་རྒོལ་ཆེད། སྤྱི་ཟླ་ལྔ་པའི་བོད་མི་སྒེར་པ་བཞིས་བོད་རང་བཙན་གོམ་བགྲོད་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་དང་། རྒྱལ་མཆོག་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་སྤེལ་བའི་ཉིན་མོ་སྲུང་བརྩི་དང་འབྲེལ་དགྲ་བོ་རྒྱ་ནག་གི་གཞུང་ཚབ་མདུན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
གོམ་བགྲོད་ལས་འགུལ་དེ་ཕྱི་ཟླ་༥ ཚེས་༢༣ ཉིན་ཨ་རིའི་གྲོང་འཁྱེར་ཧྥེ་ན་ཌེ་ཕེ་ཡ་ནས་འགོ་འཛུགས་ཀྱིས་ཝ་ཤིན་ཊོན་དུ་བསྐྱོད་འཆར་ཡོད་པ་དང་། ད་ལྟའི་ཆར་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གཏན་ཁེལ་ཡོད་པ་སྤོ་ཆུང་ཚང་དོན་འགྲུབ་ལྷ་དར་དང་། བསྟན་འཛིན་དབང་འདུས། ཐུབ་བསྟན་ཆོས་ཉིད། སཱ་ནེས་་བསོད་ནམས་བཅས་ཡིན་པ་རེད།
གོམ་བགྲོད་པའི་ལས་འགུལ་གྱི་དགོས་འདུན་ནི། ༡ རྒྱ་ནད་ཀྱིས་འཛམ་གླིང་མི་མང་2,385,405 བསད་པའི་འགན་འཁྲི་རྒྱ་ནག་གཞུང་གིས་འཁྱེར་དགོས་པ་དང་། འཛམ་གླིང་མི་མང་ནས་བརྡ་འདེད་དང་ངོ་རྒོལ་བྱ་དགོས། ༢། རྒྱ་ནག་གིས་བོད་པ་དང་ཡུ་གུར་བ་སོགས་བཙོན་པ་རྣམས་ངལ་རྩོལ་བཀོལ་ནས། ཅ་དངོས་བཟོ་སྐྲུན་བྱེད་ཀྱི་ཡོད་པས། རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས། ༣། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་བདེན་དོན་དང་། བོད་རང་བཙན་སླར་གསོ་ལ་ཨ་རིའི་གཞུང་དམངས་གཙོས་རྒྱལ་སྤྱིས་ངོས་ལེན་བདེན་རྒྱབ་གནང་རོགས། ༤། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས། ༥། བོད་མིའི་རང་དབང་སྒེར་ལངས་དང་། རང་ལུས་མེར་སྲེག་གི་གཙོས་བོད་དོན་འཐབ་རྩོད་ཀྱི་རྩ་དོན་གང་ཡིན་སྐོར་ཨ་རིའི་གྲོས་ཚོགས་ནས་ཉན་ཞིབ་བརྒྱུད། བོད་མིའི་རྩ་དོན་འགྲུབ་པར་ཨ་རིའི་གཞུང་མང་གིས་བདེན་རྒྱབ་གནང་རོགས། ༦། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས། ལོ་རྒྱུས་ཐོག་རང་བཙན་ཡིན་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱི་གསང་བ་རྐུ་འཁྱེར་དང་། སིམ་འཛུལ་གྱིས་རྒྱལ་སྤྱིའི་རང་དབང་དང་། བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ལ་ངེས་པར་དོ་འཁུར་དང་འགོག་གནོན་དགོས་པ་བཅས་ཡིན་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།